བཀའ་བློན་ཁྲི་ཟུར་གཉིས་ཀྱི་གསར་འགོད་ལྷན་ཚོགས།
བྲེལ་ཟིང་ཆེ་བའི་དམིགས་བསལ་ཚོགས་ཆེན་གྱི་ཉིན་གསུམ་པ་སྟེ་ཚེས་༡༩་
ཉིན་གྱི་ཕྱི་དྲོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དང།འཇུ་ཆེན་ཐུབ་བསྟན་མཆོག་
རྣམ་གཉིས་ཀྱིས་བཙན་བྱོལ་བོད་གཞུང་བཀའ་ཤག་མཇལ་འཕྲད་ཁང་དུ་ཕྱི་ནང་གསར་འགོད་པ་༤༠
ལྷག་ལ་ཏིང་ཞའོ་ཕིང་གིས་བོད་རང་བཙན་མ་གཏོགས་གནད་དོན་གང་གི་ཐད་ལ་ཡང་གྲོས་མོལ་བྱེད་ཆོག་
ཅེས་བཤད་ཡོད་པ་དེ་བདེན་དཔང་ར་སྤྲོད་བྱས་བྱུང།
རྒྱལ་ལོ་དོན་གྲུབ་མཆོག་གིས་གསར་འགོད་ཚོར་།་༡༩༧༩་ལོར་ཟླ་བ་གསུམ་པའི་ཚེས་༡༢་ཉིན་ང་རང་
ཏིང་ཞའོ་ཕིང་ལ་མཇལ་འཕྲད་སྐབས་ཁོང་གིས་བོད་རང་བཙན་མ་གཏོགས་གནད་དོན་གང་གི་ཐད་
ལ་ཡང་གྲོས་མོལ་བྱེད་ཆོག་ཅེས་བཤད་ཡོད་པ་མ་ཟད།་འདས་པའི་ལོ་ཉི་ཤུའི་རིང་བོད་དུ་དཀའ་ངལ་
མང་པོ་བྱུང་ཡོད་པ་རེད།འདས་པ་ནི་འདས་ཟིན་པ་རེད།་མ་འོངས་པར་བསམ་བློ་བཏང་ནས་ང་ཚོས་
གྲོས་མོལ་འགོ་འཛུགས་བྱེད་ཆོག་ཅེས་བཤད་བྱུང་ཟེར།
ཡང་བཀའ་ཟུར་འཇུ་ཆེན་ཐུབ་བསྟན་མཆོག་གིས་།རྒྱལ་ལོ་དོན་གྲུབ་ཏིང་ལ་མཇལ་འཕྲད་གནང་
ནས་ཕྱིར་རྡ་རམ་ས་ལར་ཕེབས་འབྱོར་བྱུང་མཚམས་ཏིང་ཞའོ་ཕིང་གིསཁོང་ལ་བོད་རང་བཙན་
མ་གཏོགས་གནད་དོན་གང་གི་ཐད་ལ་ཡང་གྲོས་མོལ་བྱེད་ཆོག་ཅེས་བཤད་ཡོད་ཚུལ་བཀའ་ཤག་
ལ་སྙན་སེང་ཞུས་བྱུང་ཟེར།
ཏིང་ཞའོ་ཕིང་གིས་བོད་རང་བཙན་མ་གཏོགས་གནད་དོན་གང་གི་ཐད་ལ་ཡང་གྲོས་མོལ་
བྱེད་ཆོག་ཅེས་བརྗོད་ཡོད་པའི་ཚིག་འདི་ནི་བཙན་བྱོལ་གིས་འདས་པའི་ལོ་སུམ་ཅུའི་རིང་
བོད་རྒྱའི་འབྲེལ་ལམ་གྱི་རྩ་ཚིག་ཏུ་འཛིན་བཞིན་ཡོད་པ་རེད།་ཡིན་ནའང་གོང་ས་མཆོག་
གི་སྐུ་ཚབ་རྣམ་པ་ཐུག་འཕྲད་གནང་མཁན་རྒྱ་ནག་འཐབ་ཕྱོགས་གཅིག་ལྷན་ཁང་གི་
འགན་འཛིན་གཞོན་པ་ཀྲུའུ་ཝེ་ཆོན་གྱིས་ཟླ་བ་བཅུ་གཅིག་པའི་ཚེས་༡༠་ཉིན་གསར་འགོད་
ལྷན་ཚོགས་ཐོག་བློ་མཐུན་ཏིང་ཞའོ་ཕིང་གིས་བོད་རང་བཙན་མ་
གཏོགས་གནད་དོན་གང་གི་ཐད་ལ་ཡང་གྲོས་མོལ་བྱེད་ཆོག་ཅེས་པ་རྩ་བ་ནས་བཤད་
ཡོད་པ་མ་རེད།་དེ་ནི་རྒྱ་རི་ཡིས་གོ་བ་ལོག་སྒྲུབ་བྱས་པ་རེད་ཅེས་བརྗོད་དང་མཉམ་དུ་་
གོང་ས་མཆོག་གི་སྐུ་ཚབ་ཚོས་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་བོད་རིགས་ཡོངས་
ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དོན་ཚན་བཅུ་གཅིག་
ཅན་ཅིག་ཕུལ་ཡོད་པ་ངོས་ལེན་མེད་པའི་གསལ་བསྒྲགས་བྱས་ཡོད་པ་རེད་།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་དཔལ་ལྡན་
རྒྱལ་གྱིས་ཚེས་༢༠་ཉིན་རྒྱ་གར་རྡ་རམ་ས་ལ་ནས།
ལོ་རྒྱུས་རང་བཞིན་ལྡན་པའི་བཙན་བྱོལ་བོད་མིའི་དམིགས་བསལ་ཚོགས་ཆེན།
ཚེས་༡༧་ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་དང་ཕྱེད་ཀའི་ཐོག་བཙན་བྱོལ་བོད་གཞུང་གི་ལྟེ་གནས་རྒྱ་གར་རྡ་རམ་ས་ལའི་བོད་ཕྲུག་
ཁྱིམ་སྡེའི་ཚོགས་ཁང་ནང་བཙན་བྱོལ་ཁྲོད་ཀྱི་གནད་ཡོད་མི་སྣ་༥༥༩་ལྷག་མཉམ་འཛོམས་ཀྱིས་བོད་དོན་དམིགས་བསལ་ཚོགས་ཆེན་དེ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུའི་
དབྱངས་དང་མཉམ་དུ་འགོ་འཛུགས་བྱས་སོང༌།
དེའི་རྗེས་རང་སྲོག་བློས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་མྱ་ངན་
ངག་བཅད་སྐར་བ་གཅིག་རིང་གནང་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཀརྨ་ཆོས་འཕེལ་མཆོག་
གིས་ཚོགས་འདུ་དབུ་འབྱེད་ཀྱི་གསུང་བཤད་བྱུང༌།

སྐབས་དེར་ཁོང་གིས་ད་ཐེངས་ཀྱི་དམིགས་བསལ་ཚོགས་འདུ་འདི་ཚོགས་དགོས་པའི་བརྒྱུད་རིམ་ངོ་སྤྲོད་བྱས་རྗེས།
ལོ་རྒྱུས་རང་བཞིན་ལྡན་པའི་ཚོགས་ཆེན་འདི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་ཞིག་ཏུ་
གྱུར་ཐུབ་པའི་རེ་བ་ཡོད་ཞེས་གསུངས་བྱུང༌། ཡང་བཙན་བྱོལ་བོད་གཞུང་བཀའ་བློན་ཁྲི་བ་ཟམ་
གདོང་རིན་པོ་ཆེས་གསུང་བཤད་གནང་སྐབས་།

ཁོང་གིས་ཚོགས་ཆེན་འདིའི་གྲོས་གཞི་ཐད་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ལེགས་ཉེས་ཀྱི་བསམ་
ཚུལ་ཚིག་ཅིག་ཞུ་རྒྱུ་མིན་ཅེས་དང༌། ཡང་ཁོང་གིས་ཚོགས་ཆེན་འདིའི་དགོས་པ་རྒྱུ་མཚན་
གཙོ་བོ་ནི། བོད་ཀྱི་རྩ་དོན་ཐོག་གཞི་རིམ་མང་ཚོགས་ཀྱིས་གོ་བསྡུར་བགྲོ་གླེང་ཞིབ་ལྷོད་ཅིག་
ཡོང་བ་དང། བཙན་བྱོལ་བོད་གཞུང་གིས་སྲིད་ཇུས་དང་ཐབས་ལམ་རྒྱུན་ལྡན་བརྒྱུད་ལམ་ཁག་དང།
མང་ཚོགས་ནང་དགོངས་ཚུལ་སྣ་ཚོགས་གསུང་མཁན་ཡོད་པ་སྤྱི་དང༌། ཁྱད་པར་སྐྱོན་བརྗོད་གནང་
མཁན་རྣམས་ཀྱི་དགོངས་ཚུལ་རྣམས་གཞུང་འབྲེལ་སྡིངས་ཆའི་ཐོག་སླེབས་ཐུབ་པ། འབྱུང་འགྱུར་
བོད་མིའི་རྩ་དོན་ཐོག་ལངས་ཕྱོགས་ཇི་འདྲ་ཞིག་བཟུང་ཡང་མང་ཚོགས་ཀྱི་བཀའ་ལུང་ཡོད་པ་གསལ་པོ་ཆགས་
ཐུབ་པ་དང། བོད་མིའི་ནུས་པ་ཆིག་བསྒྲིལ་ཡོད་བཞིན་པ་དེ་དག་རྒྱལ་སྤྱིའི་ནང་གསལ་
མཚོན་ཐུབ་པ་ཞིག་ཡོང་རྒྱུ་བཅས་ཡིན་ཞེས་གསུངས་བྱུང༌།་དེ་ནས་ཚོགས་བཅར་བ་མི་གྲངས་༥༥༩་ཡོད་པ་
རྣམས་ཚོགས་ཆུང་ཁག་༡༥་རུ་བགོས་ནས་གངས་སྐྱིད་དུ་ཉིན་གསུམ་རིང་བོད་དོན་ཐད་བགྲོ་གླེང་གོ་བསྡུར་བྱེད་བཞིན་ཡོད་པ་རད།
ཚོགས་ཆུང་ཁག་བགོས་ཀྱིས་གོ་བསྡུར་བྱེད་སའི་ཚོགས་ཁང་ནང་གསར་འགོད་པ་གཏོང་གི་མེད་ནའང།
གསོལ་ཇ་དང་གསོལ་ཚིགས་ཀྱི་བར་གསེང་དུ་ཚོགས་ཞུགས་པ་ཁག་ཅིག་ལ་བཅར་འདྲི་བྱས་ནས་ཤེས་
གསལ་ལྟར་ན།་ ཚོགས་ཆུང་སོ་སོའི་ནང་བོད་རང་བཙན་དང་རང་སྐྱོང༌། བོད་རྒྱའི་འབྲེལ་མོལ།
བོད་ནང་གི་བོད་མི་ཚོས་བསམ་འཆར་ཆིག་ཁྲི་བརྒྱད་སྟོང་ཕུལ་ཡོད་སོགས་ཀྱི་བརྗོད་གཞི་འདྲ་མིན་ཐོག་
བགྲོ་གླེང་ཤུགས་ཆེན་བྱེད་བཞིན་ཡོད་པ་རེད།་ ཚེས་༢༡་དང་༢༢་ཉིན་གཉིས་རིང་ཚོགས་ཞུགས་
ཚང་མ་མཉམ་འཛོམས་ཐོག་ཚོགས་ཆུང་ཁག་སོ་སོའི་སྙན་ཐོ་སྙན་སྒྲོག་མཇུག་བསྡོམས་གནང་རྒྱུ་ཡིན་པ་རེད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བཙན་བྱོལ་བོད་གཞུང་གི་ལྟེ་གནས་རྒྱ་གར་རྡ་རམ་ས་ལ་
ནས་ཉིན་ལྟར་ཚོགས་ཆུང་སོ་སོའི་གོ་བསྡུར་ཇི་བྱས་ཐད་ཀར་རྒྱང་སྲིང་བྱེད་བཞིན་ཡོད།
བྲེལ་ཟིང་ཆེ་བའི་རྡ་ས།

འཛམ་གླིང་གི་ས་ཕྱོགས་གང་ས་ནས་དམིགས་བསལ་ཚོགས་ཆེན་ཆེད་་
མི་མང་པོ་ཞིག་རྡ་རམ་ས་ལར་ཕེབས་འབྱོར་བྱུང་བཞིན་འདུག། རི་ཕྲན་ཆུང་ཆུང་ཞིག་གི་
སྒང་དང་སྐེད་དུ་ཆགས་ཡོད་པའི་བཙན་བྱོལ་བོད་གཞུང་གི་ལྟེ་གནས་འདིའང་བྲེལ་འཚུབ་ཆེ་རུ་
འགྲོ་བཞིན་འདུག་ལ། ང་རང་ཡང་བྲེལ་ཟིང་ཁྲོད་ད་ནངས་ཞོགས་པར་སྤྱི་འཐུས་ལྷན་ཚོགས་
ཀྱི་ཚོགས་དྲུང་ཡིག་ཚང་དུ་བཅར་ནས་ཚོགས་འདུའི་སྐོར་གྱི་གནས་ཚུལ་རྒྱུས་ལོན་བྱས་པ་ཡིན།་
ཚོགས་དྲུང་ཕུར་བུ་ཚེ་རིང་ལགས་ཀྱིས། ད་ཐེངས་ཀྱི་དམིགས་བསལ་ཚོགས་འདུ་ལ་ཚོགས་
བཅར་བ་མི་གྲངས་༥༦༠ལྷག་གིས་ཐོ་འགོད་བྱས་བྱུང་། ཚེས་༡༧་ཉིན་རྡ་སྟེང་བོད་ཁྱིམ་
དུ་ཚོགས་འདུ་དབུ་འབྱེད་སྐབས་སྤྱི་འཐུས་ཚོགས་གཙོ་དང་
བཀའ་བློན་ཁྲི་བ་གཉིས་ཀྱིས་གསུང་བཤད་གནང་རྗེས་ཚོགས་ཞུགས་པ་རྣམས་ཚོགས་ཆུང་
བཅོ་ལྔར་བགོས་ཏེ་ཉིན་གསུམ་རིང་ཚོགས་ཆུང་སོ་སོའི་ནང་བགྲོ་གླེང་བྱེད་རྒྱུ་དང༌། དེ་ནས་
ཉིན་ཐོག་མཐའ་གཉིས་ཏེ་ཚེས་༢༡་དང་༢༢་ཉིན་རྡ་སྟེང་བོད་ཁྱིམ་དུ་ཚོགས་ཞུགས་པ་ཚང་
འཛོམས་ཀྱིས་ཚོགས་ཆུང་སོ་སོའི་དགོངས་ཚུལ་གསུངས་རྒྱུ་རེད་ཟེར།་ གང་ལྟར་ཚོགས་
ཆེན་ལ་ཞུགས་མཁན་མི་༥༦༠་ལྷག་རྡ་སར་འབྱོར་ཡོད་པ་དང༌། ༧གོང་ས་རྒྱལ་བ་
རིན་པོ་ཆེས་ཀྱང་དེ་རིང་ལྡི་ལི་ནས་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་བཀོད་ཡོད་
ནའང་ད་ཐེངས་དམིགས་བསལ་ཚོགས་ཆེན་ལ་ཞུགས་རྒྱུའི་འཆར་གཞི་མེད་པ་འདྲ། ཚོགས་
འདུའི་ཉིན་མཐའ་མར་ཚོགས་ཞུགས་གནང་མིན་གྱི་སྐད་ཆ་ཞིག་འདུག་ཀྱང་ར་སྤྲོད་འཕེར་བ་གང་ཡང་མི་འདུག།

ཐེག་ཆེན་གཙུག་ལག་ཁང་དུ་འགྲོ་སའི་ལམ་ཁའི་རྩིག་ངོས་སུ་ད་ལོར་བོད་ནང་
བོད་མི་མང་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་སྐབས་རྒྱ་ནག་གཞུང་གིས་དམར་
གསོད་བཏང་བ་དང། འཛིན་བཟུང་བྱས་ཡོད་པའི་མི་རྣམས་ཀྱི་འདྲ་པར་རྩིག་གྱང་སྟེང་སྦྱར་འདུག
གཞན་ཡང་Mikel Dunhamཀྱིས་བརྩམས་པའི་སངས་
རྒྱས་ཀྱི་དཔལ་རྟུལ་ཚོ་ཞེས་པའི་དེབ་དེ་དགེ་འདུན་རབ་གསལ་གྱིས་དབྱིན་
ཡིག་ནས་བོད་ཡིག་ཏུ་ཕབ་བསྒྱུར་བྱས་ཏེ་བོད་ཀྱི་དུས་བབ་གསར་ཁང་གིས་
འགྲེམས་སྤེལ་མཛད་སྒོའི་སྟེང་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་
ལགས་ཀྱི་གསུང་བཤད་གནང་བྱུང།

དེ་བཞིན་ཕ་ཡུལ་དྲ་རྒྱས་གོ་སྒྲིག་འོག་བོད་དོན་ལས་འགུལ་བ་
འཇམ་དབྱངས་ནོར་བུ་དང། མ་འོངས་པའི་སྤྱི་འཐུས་
ཚོགས་གཙོ་སྤེན་པ་ཚེ་རིང་སོགས་ཀྱིས་དམིགས་བསལ་ཚོགས་
འདུ་དང་འབྲེལ་བའི་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་འཆར་ཡོད་པ་དང།

སང་ཉིན་ཚེས་༡༦་ཉིན་གོང་ས་མཆོག་སྐུ་ཚབ་རྣམ་པས་འབྲེལ་མོལ་
ཐེངས་བརྒྱད་གནས་ཚུལ་ཚོགས་ཆེན་གྱི་སྔོན་ལ་གསལ་བསྒྲགས་
བྱེད་ཀྱི་ཡིན་གསལ་བསྒྲགས་བྱས་ཡོད་ནའང་སང་ཉིན་ཚེས་༡༦་
ཉིན་ འབྲེལ་མོལ་ཐེངས་བརྒྱད་པའི་སྐོར་ལ་གསར་འགོད་
ལྷན་ཚོགས་ཞིག་འཚོགས་ཀྱི་ཡོད་པ་སོགས་རྡ་རམ་ས་ལ་
ནི་བྲེལ་ཟིང་ཆེ་རུ་འགྲོ་བཞིན་འདུག།
བོད་ཕྱི་ནང་གཉིས་སུ་་ད་ཐེངས་ཀྱི་ཚོགས་ཆེན་འདི་ལ་དགོངས་
འཆར་གང་མང་ཅིག་ཕུལ་བཞིན་ཡོད་པ་ལྟར་བོད་ནང་གི་ཞི་བདེའི་
ཕོ་ཉ་ཟེར་བ་ཞིག་གིས་དམིགས་བསལ་ཚོགས་ཆེན་ལ་ཕུལ་བའི་
དགོངས་འཆར་སྙན་ཞུ་ཞིག་འདི་གར་ལག་འབྱོར་བྱུང་བ་གཤམ་དུ་
བཀོད་ཡོད་པ་གཟིགས་རོགས་ཞུ།ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་
གི་རྩོམ་སྒྲིག་འགན་འཛིན་དཔལ་ལྡན་རྒྱལ་གྱིས་ཟླ་བ་༡༡་པའི་ཚེས་༡༥་ཉིན་
རྒྱ་གར་རྡ་རམ་ས་ལ་ནས།
མི་མང་དཀྱུས་མའི་བསམ་ཚུལ།
བོད་ཀྱི་རྒྱལ་ཡོངས་དམིགས་བསལ་ཚོགས་ཆེན་དེ་ཚེས་༡༧་ནས་༢༢་བར་བཙན་བྱོལ་བོད་གཞུང་
ཀྱི་ལྟེ་གནས་རྡ་རམ་ས་ལར་ཚོགས་ཀྱི་ཡོད་པ་རེད། ལས་རོགས་ཁ་ཤས་དང་མཉམ་དུ་ལྡི་ལི་ནས་
རླངས་འཁོར་ཆུང་བ་ཞིག་བླས་ཏེ་ཆུ་ཚོད་བཅུའི་རིང་ གྲོང་ཁྱེར་དང་གྲོང་གསེབ། ས་སྟོང་དང་ལུང་
ཁུག་གང་མང་བརྒྱུད་ནས་ཧི་མ་ལ་ཡའི་རི་རྒྱུད་དུ་གནས་པའི་རྡ་རམ་ས་ལར་
འབྱོར་བྱུང༌།རྡ་རམ་ས་ལའི་བཙན་བྱོལ་བོད་གཞུང་གི་ལྟེ་གནས་གངས་ཅན་སྐྱིད་གཤོངས་ནི་རི་ཕྲན་
ཞིག་གི་སྐེད་དུ་ཆགས་ཡོད་པ་དང༌། ༧གོང་ས་མཆོག་གི་བཞུགས་སྒར་ནི་རི་ཕྲན་དེའི་
སྒང་དུ་ཆགས་ཡོད་པས་མཐོང་ཡངས་པ་དང། ཤིང་ནགས་ཀྱིས་བརྒྱན་ཅིང་ཡུལ་ལྗོངས་མ
ཛེས་སྡུག་ལྡན་པ་ཞིག་རེད། གནས་འདི་ནི་འདས་པའི་མི་ལོ་ལྡ་བཅུ་ཙམ་གྱི་རིང་༧གོང་ས་
རྒྱལ་བ་རིན་པོ་ཆེ་གཙོས་པའི་བོད་མི་བཙན་བྱོལ་བ་སྟོང་ཕྲག་མང་པོའི་གནས་ཡུལ་རེད།
ད་ཐེངས་ཀྱི་བོད་དོན་ཆེད་འཚོག་རྒྱུའི་དམིགས་བསལ་ཚོགས་ཆེན་འདི་ལ་ཧི་ལ་ཡ་ལའི་
ཕར་ནང་ཚུར་ནང་གཉིས་སུ་གནས་ཡོད་པའི་བོད་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་
བཞིན་ཡོད། རྡ་རམ་ས་ལའི་མི་དཀྱུས་མ་ཁག་ཅིག་ལ་ད་ཐེངས་དམིགས་བསལ་ཚོགས་ཆེན་
ལ་རེ་བ་ག་འདྲ་ཞིག་འཛིན་གྱིན་ཡོད་ཅེས་དྲི་བ་དྲིས་ལན་གཤམ་གསལ།

བློ་བཟང་བསྟན་འཕེལ། ལོ་༥༧་ ལམ་ཟུར་དུ་ཚོང་ལས།
ཚོགས་འདུ་འདི་ལ་འཛམ་གླིང་གི་ས་ཕྱོགས་གང་ས་ནས་མཁས་པ་དང༌།
བོད་དོན་ཆེད་བསམ་བློ་གཏོང་མཁན་མང་པོ་ཞིག་འཛོམས་ཀྱི་ཡོད་པ་རེད།
ཡིན་ནའང་རྒྱ་ནག་གཞུང་མཁྲེགས་དྲགས་པས་ད་ཐེངས་ཚོགས་འདིའི་ཐོག་ཏུ་བོད་ཀྱི་
གནད་དོ་ཐག་གགཅོད་ཀྱི་ཐབས་ལམ་ཅིག་རག་གི་མ་རེད་ཟེར།

ཀུན་དགའ་བསོད་ནམས། ལོ་༢༢་ ཇ་ཁང་གི་ཞབས་ཞུ་བ།
དབུ་མའི་ལམ་གྱི་ཐབས་ལམ་བརྒྱུད་ནས་བོད་ལ་རང་སྐྱོང་གི་གནས་ཞིག་ཐོབ་ན་བསམ་གི་ཡོད་།
ད་ཐེངས་ཀྱི་ཚོགས་འདུ་འདིའི་སྟེང་ཐག་གཅོད་ག་འདྲ་ཞིག་བྱས་ན་དེ་ལ་རྒྱབ་སྐྱོར་བྱེད་ངེས་ཡིན་ཟེར།

བློ་གྲོས། ལོ་༧༦་ དང་བླངས་དམག་ཟུར།
ཚོགས་འདུ་ཚོགས་རྒྱུ་ཡིན་ནའང་བླ་མ་དཀོན་མཆོག་གིས་མ་སྐྱབས་ན་ང་ཚོར་རོགས་པ་
བྱེད་མཁན་ཡོད་པ་མ་རེད། ཡིན་ནའང་ང་རང་ཕ་ཡུལ་ལ་ལོག་ཐུབ་ངེས་རེད་བསམ།
མཐའ་མར་རྒྱ་ནག་གིས་ང་ཚོར་སྙིང་རྗེ་སྐྱེས་ནས་ཕྱིར་བོད་ལ་ཡོང་དུ་འཇུག་ངེས་རེད་བསམ་ཟེར།

བསོད་ནམས། ལོ་༣༥་འབྲས་སྤུངས་དགོན་པའི་གྲ་བ།
རྒྱ་ནག་གི་དབུ་ཁྲིད་ལ་འགྱུར་བ་འགྲོ་བཞིན་ཡོད་པ་དང༌།མི་མང་གི་བསམ་བློ་ལ་འགྱུར་
བ་འགྲོ་ངེས་ཡིན་པས།ང་ཚོར་མུ་མཐུད་དུ་དབུ་མའི་ལམ་གྱི་ཐབས་ལམ་བརྒྱུད་ནས་བོད་
ལ་རང་སྐྱོང་གི་གནས་བབ་ཅིག་བརྩོན་ལེན་བྱས་་པ་ཡིན་ན་གྲུབ་འབྲས་ཐོབ་ངེས་རེད་ཟེར།

བསྟན་དབྱངས། ལོ་༣༥་ ཇ་ཁང་གི་བདག་པོ།
ད་ཐེངས་ཀྱི་ཚོགས་འདུ་འདིའི་ཐོག་ནམ་རྒྱུན་དང་མི་འདྲ་བའི་འགྱུར་བ་ཞིག་འགྲོ་ངེས་རེད། རང་བཙན་
གྱི་ལྟ་བ་འཛིན་པ་དང༌། ཡང་ན་དབུ་མའི་ལམ་གྱི་ལྟ་བ་འཛིན་མཁན་སུ་ཡིན་རུང་ཕན་ཚུན་ཤེས་
རྟོགས་ཡོད་པའི་སྒོ་ནས་བོད་དོན་གྲོས་བསྡུར་བྱེད་ཐུབ་ན་བསམ་གི་ཡོད་ཟེར།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་དཔལ་ལྡན་རྒྱལ་གྱིས་ཟླ་བ་བཅུ་
གཅིག་པའི་ཚེས་༡༤་ལ་བཞུགས་སྒར་རྡ་རམ་ས་ལ་ནས།
ཚེས་༡༣་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཡོད་པའི་བོད་མིའི་གཞིས་སྒར་བསམ་ཡས་གླིང་དུ་འབྱོར།
བཙན་བྱོལ་བོད་ཀྱི་རྒྱལ་ཡོངས་དམིགས་བསལ་ཚོགས་ཆེན་དེ་ཚེས་༡༧་ནས་༢༢་བར་བཙན་བྱོལ་བོད་གཞུང་གི་ལྟེ་གནས་རྡ་རམ་ས་ལར་ཚོགས་ཀྱི་ཡོད་པ་རེད།་ བོད་ཕྱི་ནང་གཉིས་ཀྱི་མི་མང་རྣམས་ཀྱིས་ཚོགས་འདུ་འདི་ཧ་ཅང་གལ་ཆེན་ཅིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་པས་
བོད་མི་མང་ལ་གནས་ཚུལ་དུས་ཐོག་མཁོ་སྤྲོད་ཆེད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ང་རང་ཆེད་གཏོང་གནང་བྱུང་།
ཚེས་༡༣་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཡོད་པའི་བོད་མིའི་གཞིས་སྒར་བསམ་ཡས་གླིང་དུ་འབྱོར། བསམ་ཡས་གླིང་ངམ་
མན་ཅུང་ཀྲི་ལ་རུ་བོད་མི་སྟོང་ཕྲག་ཁ་ཤས་ཀྱིས་ཚོང་ལས་ལ་བརྟེན་ནས་འཚོ་བ་རོལ་བཞིན་འདུག་ལ།
ས་གནས་འདི་ནི་འཛམ་གླིང་ས་ཕྱོགས་གང་ས་ནས་ཡོང་བའི་བོད་མི་རྣམས་རང་ཉིད་ཀྱི་དམིགས་བསལ་བསྐྱོད་པའི་
བརྒྱུད་ལམ་ཞིག་ཡིན་པས་ཧ་ཅང་འཁྲུག་ཆ་དོད་པོའི་གནས་ཤིག་རེད། འཛམ་གླིང་ས་ཕྱོགས་གང་སར་བཞུགས་
པའི་བཀའ་ཟུར་དང་སྤྱི་ཟུར་རྣམ་པ།་བོད་རིགས་ཚོགས་པ་ཁག་གི་འཐུས་མི། དེ་བཞིན་བོད་མིའི་གཞིས་ཆགས་དང༌།་
དགོན་སྡེ་ཁག་གི་འཐུས་ཚབ་རྣམས་ཀྱང་གཞིས་སྒར་འདི་བརྒྱུད་ནས་དམིགས་བསལ་ཚོགས་ཆེན་ཆེད་རྡ་རམ་ས་ལར་་ཕེབས་
བཞིན་འདུག།ས་གནས་འདིར་ཡོད་པའི་མི་རྣམས་ཀྱིས་དམིགས་བསལ་ཚོགས་ཆེན་སྐོར་ལ་གླེང་སློང་ཤུགས་ཆེན་བྱེད་
བཞིན་འདུག། མན་ཅུད་ཀྲི་ལའི་གུ་དོག་པའི་སྲང་ལམ་ཀྱི་འགྲམ་དུ་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་ཅོག་ཙེ་ཆུང་
ཆུང་ཞིག་གི་སྟེང་ཡིག་ཆ་བཀྲམས་ནས་མི་མང་གི་བསམ་ཚུལ་བསྡུ་བཞིན་འདུག་ལ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་
ཀྱི་དྲུང་ཆེ་མིག་དམར་བསྟན་འཛིན་ལགས་ཀྱིས་།ཆབ་སྲིད་ཀྱི་གོ་རྟོགས་ཡོད་མེད་གཉིས་ཀྱིས་བོད་ལ་ལོག་གི་
ཡིན་ཟེར་བ་གཅིག་པ་རེད། ཡིན་ནའང་གནས་བབ་གང་འདྲ་ཞིག་གི་འོག་
བོད་ལ་ལོག་མིན་གྱི་བསམ་ཚུལ་མི་འདྲ་བ་འདུག་ཟེར།ཡང་ལོ་ན་བདུན་བཅུ་ལྷག་ལ་སླེབས་ཡོད་་པའི་
རྒན་པོ་ཕུན་ཚོགས་ཚེ་རིང་ཟེར་བ་ཞིག་གི་ལག་པས་ཕྲེང་བ་འདྲེན་བཞིན་
དབུ་མའི་ལམ་གྱི་དགོངས་གཞི་རྒྱུན་འཁྱོངས་བྱེད་རྒྱུ་གལ་ཆེན་པོ་རེད་ཟེར། ཡང་ལམ་ཟུར་དུ་བོད་ནས་བཟོ་བསྐྲུན་བྱས་
པའི་བོད་སྨན་ཚོང་མཁན་ལྕགས་ཐར་ཟེར་བ་ཞིག་གིསད་ཐེངས་ཚོགས་ཆེན་དེ་ལ་རེ་བ་ཆེན་པོ་མེད་ཟེར།
ཉེ་ལམ་༧གོང་ས་མཆོག་གི་སྐུ་ཚབ་པེ་ཅིན་ཏུ་ཕེབས་ནས་བོད་དོན་ཆེད་འབྲེལ་མོལ་ཐེངས་བརྒྱད་པ་གནང་པའི་
རྗེས་སུ་བོད་ཀྱི་ཕྱོགས་ནས་དམིགས་བསལ་ཚོགས་ཆེན་མ་ཚོགས་གོང་དུ་འབྲེལ་མོལ་ཐེངས་བརྒྱད་པའི་གནས་ཚུལ་ཕྱིར་
བསྒྲགས་བྱེད་ཀྱི་མིན་པའི་གསལ་བསྒྲགས་བྱས་ཡོད། ཡིན་ནའང་རྒྱ་ནག་ཕྱོགས་ནས། “ང་ཚོས་ཏ་ལའི་བླ་མ་སྐུ་སྒེར་
གྱི་གནད་དོན་ཆེད་་གྲོས་མོལ་བྱས་པ་ལས་བོད་དོན་ཟེར་བ་ཞིག་ལ་གྲོས་མོལ་ནམ་ཡང་བྱས་མེད། ༡༩༨༠་ནང་དུ་རྒྱ་རི་བློ་གྲོས་
རྒྱལ་མཚན་ལ་བོད་ས་ཡོངས་ལ་ཆེས་མཐོའི་རང་སྐྱོང་ཟེར་བ་ཡོང་ཐབས་མེད་པ་གསལ་བོར་བཤད་
ཡོད་ཅེས་གསར་འགོད་ལྷན་ཚོགས་ཐོག་བརྗོད་ནས་བོད་ཀྱི་གནད་དོན་ཟེར་བ་མེད་ཚུལ་བརྗོད་ཡོད།ད་ལོའི་ཕྱི་ཟླ་གསུམ་པ་
ནས་བོད་ས་མང་ཆེ་བར་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པ་དེས་བོད་ཀྱི་གནད་དོན་
འཛམ་གླིང་ཡོངས་སུ་གསལ་སྟོན་བྱས་ཡོད་པ་ནའང༌།རྒྱ་ནག་གཞུང་གིས་དེ་ནི་ཁ་བྲལ་རིང་ལུགས་པས་ངན་སྐུལ་བྱས་རེད་
ཟེར་བ་ཙམ་ལས་གསལ་བཤད་གང་ཡང་བྱས་མེད། གང་ལྟར་བོད་རྒྱའི་འབྲེལ་མོལ་ལ་དོན་འབྲས་མ་བྱུང་བ་གསལ་བོར་ཆགས་
པའི་སྐབས་དེར་བཙན་བྱོལ་བོད་གཞུང་མང་གཉིས་ཀྱི་དམིགས་བསལ་ཚོགས་ཆེན་ཞིག་འཚོགས་ཀྱི་ཡོད་པའི་སྟེང་བོད་ཀྱི་
མ་འོངསགནས་བབ་ཐད་བསམ་ཚུལ་འདྲ་མིན་གླེང་སློང་ཤུགས་ཆེན་བྱེད་ངེས་ཡིན།

དམིགས་བསལ་ཚོགས་འདུ།
༄༅༎ཕྱི་ལོ་ཉིས་སྟོང་བརྒྱད་ཟླ་བ་དགུ་པའི་ཚེས་བཅུ་གཅིག་ཉིན་དཔལ་ལྡན་སྐུ་སྒེར་ཡིག་ཚང་བརྒྱུད་སྤྱི་འཐུས་ཚོགས་
སྦྲེལ་པོ་དང་བཀའ་ཤག་ལྷན་རྒྱས་ལ་སྩལ་བའི་ཕྱག་བྲིས་ནང་ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བར་ལམ་བོད་ནང་ཛ་དྲག་གི་བྱུང་རྐྱེན་དང་།
རྒྱལ་སྤྱིའི་གནས་བབ་བཅས་ཀྱི་འོག་བོད་ཀྱི་རྩ་དོན་ཐོག་གོ་སྡུར་བགྲོ་གླེང་ཞིབ་ལྷོད་ཅིག་གནང་ཆེད། བཙན་བྱོལ་བོད་མི་བཅའ་ཁྲིམས་དོན་ཚན་ང་དགུ་པའི་ནང་
གསེས་ཁག་གི་ཆ་རྐྱེན་འོག་དམིགས་བསལ་ཚོགས་ཆེན་ཞིག་འདི་ལོའི་ཕྱི་ཟླ་ ༡༡།༡༢གང་རུང་ནང་བསྡུ་བསྐོང་དགོས་རྒྱུ་དང༌།ཚོགས་མི་དང་ཚོགས་དུས་
བཅས་དེ་ནས་འཆར་འགོད་ཀྱིས་གང་མྱུར་༸སྙན་འབུལ་གནང་དགོ་ཞེས་བཀའ་སྤྱི་ཕེབས་པ་ལྟར་བོད་མི་མང་སྤྱི་འཐུས་
ནས་དམིགས་བསལ་ཚོགས་འདུ་རྡ་སར་བསྡུ་བསྐོང་གནང་རྒྱུའི་ཐག་གཅོད་བྱུང་བར་བརྟེན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་
ཁང་གི་བོད་སྐད་སྡེ་ཚན་ནས་ལྡི་ལི་དང་རྡ་རམ་ས་ལའི་གསར་འགོད་པའི་ལྷན་འདི་ག་ཝ་ཤིང་ཀྲོན་ནས་དམིགས་བསལ་
ཆེད་གཏོང་ཞུས་པའི་གསར་འགོད་ཀརྨ་རྒྱ་མཚོ་དང་དཔལ་ལྡན་རྒྱལ་རྣམས་ནས་ཉིན་རེའི་གསར་འགྱུར་དང་གནས་འཕྲིན་
དྲ་བའི་ཐོག་ཉིན་ཐོའི་ཟིན་བྲིས་དུས་ཐོག་སྤེལ་རྒྱུ་ཡིན་པས་རླུང་འཕྲིན་གསན་མཁན་དང་དྲ་བ་
གཟིགས་མཁན་རྣམས་ནས་དེ་དོན་དགོངས་འཇགས་ཡོང་བའི་གསར་བརྡ་རུ༎
-
Recent
- ཁྱེད་ཀྱི་སྐྱེས་སྐར།
- བོད་རྒྱའི་གྲོས་མོལ་གྱི་ཁོར་ཡུག་ལ་བལྟ་བ།
- སྨྱོན་པ།
- རྡ་རམ་ས་ལ་དང་པེ་ཅིང་བར་གྱི་འབྲེལ་བ།
- གླེང་མོལ།
- གླེང་མོལ།
- གླེང་མོལ།
- བཀའ་བློན་ཁྲི་ཟུར་གཉིས་ཀྱི་གསར་འགོད་ལྷན་ཚོགས།
- ལོ་རྒྱུས་རང་བཞིན་ལྡན་པའི་བཙན་བྱོལ་བོད་མིའི་དམིགས་བསལ་ཚོགས་ཆེན།
- བྲེལ་ཟིང་ཆེ་བའི་རྡ་ས།
- མི་མང་དཀྱུས་མའི་བསམ་ཚུལ།
- ཚེས་༡༣་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཡོད་པའི་བོད་མིའི་གཞིས་སྒར་བསམ་ཡས་གླིང་དུ་འབྱོར།
-
Links
-
Archives
- April 2009 (6)
- March 2009 (1)
- November 2008 (7)
-
Categories
-
RSS
Entries RSS
Comments RSS








