རྡ་རམ་ས་ལ་དང་པེ་ཅིང་བར་གྱི་འབྲེལ་བ།
རྡ་རམ་ས་ལ་དང་པེ་ཅིང་བར་གྱི་འབྲེལ་བ།
དཔལ་ལྡན་རྒྱལ།
གཏོར་བཅོམ་དང་བཙན་བྱོལ།
༡༩༥༩ལོར་གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གཙོས་པའི་བོད་མི་བརྒྱད་ཁྲི་ལྷག་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དང་བལ་ཡུལ། འབྲུག་ཡུལ་སོགས་གྱི་ནང་བཙན་བྱོལ་དུ་འབྱོར་བ་ནས་བཟུང་
༡༩༧༩་ལོའི་བར་རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་ཐད་ལ་ཡ་ལན་ཙམ་ཡང་མ་སྤྲད་པར་བོད་ཀྱི་ཆོས་ལུགས་དང༌། རིག་གཞུང༌། གོམས་གཤིས་ལ་སོགས་གཏོར་སྐྱོན་བཏང་ནས། རྒྱ་ནག་ཁྱོན་ཡོངས་ལ་གཏོར་སྐྱོན་ཚབས་ཆེན་ཕོག་པའི་རིག་གནས་གསར་བརྗེ་ཆེན་པའི་ལས་འགུལ་
ཁྲོད་རྒྱ་ནག་གི་འགོ་ཁྲིད་བར་དབང་ཤུགས་་རྩོད་ལེན་གྱི་འཐབ་རྩོད་ཁྲོད་ལུས་ཡོད་པ་དང༌། དེ་མཚུངས་བཙན་བྱོལ་དུ་ཡོད་པའི་གོང་ས་ཏ་ལའི་བླ་མ་མཆོག་དང་བཙན་བྱོལ་བོད་གཞུང་གིས་ཀྱང་རྒྱ་ནག་གཞུང་ལ་ཐད་ཀར་འབྲེལ་བ་བྱེད་རྒྱུའི་གོ་སྐབས་བྲལ་ནས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་བོད་ཀྱི་བདེ་སྡུག་སྙན་གསེང་ཞུས་ཡོད་པར་ ༡༩༥༩་ལོའི་
ཟླ་བ ༡༠ ཚེས ༢༡ ཉིན་ཨ་རི་གྲོང་ཁྱེར་ཉིག་ཡོག་རུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐེངས་བཞི་བའི་སྐབས་སུ་ཨ་ཨར་ལན་དང༌། མ་ལེ་ཤི་ཡ་རྒྱལ་ཁབ་གཉིས་ཀྱིས་བོད་དོན་སྐོར་ལ་གྲོས་གཞི་བཏོན་པ་བརྒྱུད་གྲོས་ཆོད་དོན་ཚན་གཉིས་ཅན་ཞིག་བཞག་ཡོད་པ་རེད། དེ་བཞིན་༡༩༦༡་ལོ་དང༌། ༡༩༦༥ལོ་སོ་སོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་༡༩༥༩་ལོའི་གྲོས་ཆོད་བསྐྱར་གསོ་མཇུག་གནོན་བྱས་ཡོད་ནའང་༡༩༧༡ ལོར་རྒྱ་ནག་གུང་ཁྲན་གཞུང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་སུ་འཛུལ་ནས་བཟུང༌། རྒྱལ་ཚོགས་ནང་བོད་དོན་དང༌། ཐའེ་ཝན་སྐོར་གླེང་སློང་ཙམ་ཡང་བྱེད་ཐུབ་མེད། སྐབས་དེར་བོད་ནང་དུ་མཚོན་ནའང༌། བོད་ཀྱི་ཤར་ཕྱོགས་ས་ཁུལ་ཨ་མདོ་དང་ཁམས་ཀྱི་ས་ཁུལ་ཁག་ཏུ་དམངས་གཙོ་བཅོས་བསྒྱུར་དང༌། མཆོང་བསྐྱོད་ཆེན་པོ་ཞེས་པའི་ལས་འགུལ་སྣ་མང་སྤེལ་ནས་མི་གྲངས་སྟོང་
ཕྲག་མང་པོ་ལྟོགས་ཤི་ཐེབས་པ་སོགས་ཡ་ང་བའི་གནས་ཚུལ་རྣམས་ཀུན་གཟིགས་པན་ཆེན་རིན་པོ་མཆོག་གིས་སྐབས་དེའི་བོད་ནང་གི་དངོས་ཡོད་གནས་སྟངས། ཡིག་འབྲུ་ཁྲི་བདུན་གྱི་སྙ་ཞུ་ཞེས་པ་དེ་༡༩༦༢་ལོར་ཟླ ༥ ཚེས་༡༨ ཉིན་སྐབས་དེའི་རྒྱ་ནག་གི་སྲིད་བློན་ཀྲིག་ཨན་ལན་གྱི་མིང་ཐོག་གནང་ཡོད་པ་དང ། སྙན་ཞུ་དེ་ནི་པན་ཆེན་སྐུ་ཕྲེང་གོང་མས་བོད་ཡིག་ཐོག་འབྲི་བརྩམས་བྱས་རྗེས་རྒྱ་ཡིག་ཏུ་བསྒྱུར་ཏེཀྲིག་ཨན་ལན་ལ་གནང་ཡོད་པ་རེད། ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་དེ་ནི་རྒྱ་ནག་གཞུང་གིས་གསང་ཉར་གྱིས་གུང་ཁྲན་ཏང་ནང་ཁུལ་ཙམ་ལས་ཕྱིར་རུ་ཐོན་ཡོད་པ་མ་རེད། ༡༩༩༧ལོར་ལོན་དོན་
དུ་ཡོད་པའི་བོད་གནས་ཁྱབ་སྤེལ་ཁང་དུ་ལག་སོན་བྱུང་སྟེ། དབྱིན་བསྒྱུར་བྱས་ནས་རྒྱ་དབྱིན་ཤན་སྦྱར་ཀྱི་དེབ་ཞིག་
འགྲེམས་སྤེལ་བྱས་ཡོད་པ་དང༌། བཙན་བྱོལ་བོད་གཞུང་བདེ་སྲུང་ཉམས་ཞིབ་ཁང་གིས་བོད་ཡིག་ཐོག་ཕབ་བསྒྱུར་བྱས་
ནས་འགྲེམས་སྤེལ་བྱས་ཡོད་པ་རེད།
གོང་ས་ཏ་ལའི་བླ་མ་གཙོས་བའི་བཙན་བྱོལ་བོད་གཞུང་དང༌། མི་མང་རྣམས་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་མ་ཐག་བོད་རང་བཙན་འཐབ་རྩོད་བྱེད་རྒྱུ་སེམས་སུ་བཅིངས་ནས། འཐབ་རྩོད་ཀྱི་དམིགས་ཡུལ་དེ་འང་བོད་རང་བཙན་ཡིན་པ་གསལ་པོར་ཡིན། ༡༩༦༩་ལོའི་ཟླ་བ ༣ ཚེས་༡༠ ཉིན་སྟེ་བོད་རང་བཙན་སྒེར་ལངས་གྱི་དུས་དྲན་ཉིན་མོར་རྡ་རམ་ས་ལའི་ཐེག་ཆེན་གཙུག་ལག་ཁང་དུ་གོང་ས་ཏ་ལའི་བླ་མས་ཨ་རི་དང་དབྱིན་ཇི། རྒྱ་གར་བཅས་གྱི་གསར་འགོད་པ་ཁ་ཤས་ཀྱི་དྲི་བར་
ལན་གནང་སྐབས། ཿཿ ང་ཚོས་བོད་རང་བཙན་གཙང་མར་རེ་བ་རྒྱག་གི་ཡོད། ང་ཚོ་དེ་སྔ་ཡང་རང་བཙན་ཡིན་ལ། གཙོ་ཆེ་ཤོས་བོད་ནང་གི་རྒྱ་ཆེའི་མི་དམངས་ཚོས་བོད་རང་བཙན་དགོས་རྒྱུ་དེ་རང་འདོད་པ་བྱེད་པ་དང༌། ཁོང་ཚོ་རྒྱ་མིའི་འོག་ལ་
སྡོད་འདོད་རྩ་བ་ནས་བྱེད་ཀྱི་མེད། དེ་ལ་བརྟེན་ནས་ང་ཚོས་ཀྱང་ཤུགས་རྒྱག་རྒྱུ་གང་ཡོད་རྒྱག་གི་ཡིན།ཿཿ ཞེས་བོད་རང་བཙན་འདོད་པའི་དགོངས་ཚུལ་གསལ་བོར་གསུངས་ཡོད་པ་རེད།
རྒྱ་ནག་གཞུང་གི་སྲིད་ཇུས་ལྷོད་ཡངས།
༡༩༧༦ལོར་རིག་གནས་གསར་བརྗེ་ཆེན་པོ་མཇུག་བསྒྲིལ་དང་མཉམ་དུ་རྒྱ་ནག་གཞུང་གིས་མའོ་ཙེ་ཏུང་གི་བཟའ་ཟླ་ཅང་ཆེན་གཙོས་པའི་མི་བཞི་གློ་བུར་དུ་འཛིན་བཟུང་བྱས་ནས། འདས་བའི་ལོ་རྒྱུས་
ཁྲོད་རིག་གནས་གསར་བརྗེ་ཆེན་པོའི་གཏོར་བཅོམ་གྱི་རླུང་འཚུབ་ཆེན་མོ་དེའི་ནག་ཉེས་ཆ་ཚང་མི་བཞི་ཕྱོགས་ཁག་གི་སྟེང་དུ་བཀལ་ནས། རྒྱ་ནག་ཁྱོན་ཡོངས་སུ་ཅུང་གུ་ཡངས་པའི་སྲིད་ཇུས་ལག་བསྟར་བྱས་པ་དང་མཉམ་དུ་འཛིན་བཟུང་བཙོན་འཇུག་བྱས་ཡོད་པའི་བོད་མི་མང་པོ་ཞིག་ལྷོད་གྲོལ་བཏང་པ་དང༌། རྒྱ་ནག་དབུས་གཞུང་ནང་ཏིང་ཞའོ་ཕིང་གྱི་དབང་ཤུགས་ཇེ་ཆེར་སོང་ནས། ཁོང་གིས་ཐའེ་ཝན་དང་ཧོང་ཀོང་གི་གནད་དོན་སེལ་རྒྱུར། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་འབོད་ཚིག་འོག་ཐའེ་ཝན་ནང་དུ་མ་རྩ་རང་ལུགས་རྒྱལ་ཁབ་སྐྱོང་བའི་ལམ་ལུགས་སོར་བཞག་བྱེད་རྒྱུའི་གྲོས་འགོ་འདོན་པ་རེད།
སྐབས་དེར་རྒྱ་ནག་ཁྱོན་ཡོངས་དང་བོད་ནང་དུ་སྲིད་ཇུས་གུ་ཡངས་ཅུང་ཙམ་བཏང་ནས༌། འདས་པའི་ལོ་ངོ་ཉི་ཤུའི་རིང་རྩ་གཏོར་བཏང་བའི་དགོན་ཤུལ་དུ་བོད་མི་རྒན་རྒོན་རྣམས་ཀྱིས་ཕྱག་དང་བསྐོར་བ་བྱེད་པ། རང་ཁྱིམ་དུ་ལྷ་སངས་གཏོང་བ་དང༌། ཚ་བཟུར་ཕུལ་བ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ཅིག་བསྐྱར་གསོ་བྱེད་འགོ་ཚུགས། སྐབས་དེར་བོད་མི་ཁག་གཅིག་གིས་ད་ནི་སྲིད་ཇུས་ཡག་པོ་འདུག་ཞེས་ཏིང་ཞའོ་ཕིང་དང་ཧ་གོ་ཕིན་ནི་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྤྲུལ་བ་
རེད་ཟེར་མཁན་ཡང་བྱུང་ཡོད། ཡིན་ནའང་བོད་མི་རྣམས་ཀྱིས་ཏ་ལའི་བླ་མར་འཛིན་པའི་དད་པ་ནི་སྙིང་དབུས་སུ་གནས་
ཡོད་མ་ཟད་གོང་ས་ཏ་ལའི་བླ་མ་ནི་བོད་མི་རྣམས་ཀྱིས་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་ལ་ངོས་འཛིན་བྱས་ཏེ། ཚེ་
འདིར་༧གོང་ས་ཏ་ལའི་བླ་མར་མཇལ་རྒྱུའི་གོ་སྐབས་བྱུང་ཚེ་ཤི་ན་དམྱལ་བར་མི་སྐྱེས་པར་ཡིད་ཆེས་ཡོད་པ་མ་ཟད།
གནམ་ན་ཉི་མ་ཟླ་བ། ས་ན་རྒྱལ་བ་པན་ཆེན་ཞེས། རྒྱལ་བ་པན་ཆེན་གཉིས་ནི་འཇིག་རྟེན་གྱི་མུན་པ་སེལ་བའི་སྒྲོན་མེ་ཡིན་པར་སེམས་གཏིང་ནས་ཡིད་ཆེས་བྱེད། གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ང་ནི་ནང་བའི་དགེ་སློང་དཀྱུས་མ་ཞིག་
ཡིན་ཞེས་ག་ཚོད་གསུངས་ནའང། བོད་མི་མང་ཆེ་ཤོས་ཀྱིས་སངས་རྒྱས་དངོས་ལ་ངོས་འཛིན་བྱེད་པ་ལས་དགེ་སློང་དཀྱུས་མ་ཞིག་ཡིན་པར་ཡིད་ཆེས་མི་བྱེད། དེ་བས་བོད་མི་རྣམས་ཀྱི་མི་རིགས་དང་རྒྱལ་ཁབ་གྱི་ལས་དབང་ཚང་མ་གོང་ས་རྒྱལ་
བ་རིན་པོ་ཆེའི་ཕྱག་ཏུ་ཕུལ་ཡོད། གོང་ས་ཏ་ལའི་བླ་མ་མཆོག་གིས་བོད་མི་མང་གིས་ཁོང་ལ་ཡིད་ཆེས་བློས་འགེལ་བྱེད་ཀྱི་
ཡོད་པ་གསལ་བོར་མཁྱེན་ཡོད་པ་ཁོང་གི་མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེསཔའི་ནང་ ཿཿ ཁོང་ཚོས་ཏ་ལའི་
བླ་མའི་སྐུ་སྲོག་ནི་རྩ་ཆེན་འཛིན་པ་དང༌། ཏ་ལའི་བླ་མ་ནི་བོད་ཀྱི་མཚོན་རྟགས་སམ། བོད་ཀྱི་སྲོག་ཤིང་ལྟ་བུར་ངོས་འཛིན་གྱིས་དེ་ལས་གཅེས་སྲུང་ཆེ་བ་བྱེད་ཡུལ་གཞན་མེད་པ་ལྟ་བུ་བྱེད། ཁོང་ཚོའི་བསམ་པར། གལ་སྲིད་ངའི་ལུས་སྲོག་རྒྱ་མིའི་མཚོན་འོག་ཏུ་ཆུད་ཟོས་ཕྱིན་ན་བོད་ཀྱི་སྲོག་ཀྱང་ཆད་པར་ཡིད་ཆེས་བྱེད་པ་རེད།ཿཿ་ཞེས་བཀོད་ཡོད། བོད་མི་མང་ཆེ་ཤོས་ཀྱིས་༧གོང་ས་ཏ་ལའི་བླ་མའི་སྐུ་ཕྲེང་༡༤བར་དུ་ཏ་ལའི་བླ་མའི་གསུང་སྐད་ཐོས་མྱོང་མེད་ལ། མཇལ་ཁ་ཞུ་རྒྱུའི་གོ་
སྐབས་དེ་བས་ཀྱང་བྱུང་མེད། ཡིན་ནའང་བོད་ཀྱི་སྤྱི་ཚོགས་ནི་ཆོས་ལུགས་ཀྱི་སྤྱི་ཚོགས་ཞིག་ཡིན་པ་དང༌། བོད་མི་རྣམས་ཀྱང་སྤྱི་ཚོགས་ཀྱི་ཁོར་ཡུག་དེའི་ནང་འཚར་ལོངས་བྱུང་བ་ཡིན་པས་གོང་ས་རྒྱལ་བ་རིན་པོ་ཆེ་ལ་བློ་གཏད་ཡིད་ཆེས་དང༌། འགྱུར་བ་མེད་པའི་དད་པ་བརྟན་པོ་་ཡོད་པ་རེད། གོང་ས་མཆོག་གིས་མི་རིགས་དང༌། རྒྱལ་ཁབ་ཅིག་གནས་རྒྱུར་མི་རེ་རེར་འགན་ཡོད་པའི་བཀའ་སློབ་ལན་མང་གནང་ཡོད་ནའང་བོད་མི་མང་ཆེ་ཤོས་ཀྱིས་མི་རིགས་ཞིག་གི་ཆགས་འཇིག་དེ་
གང་ཟག་ཞིག་གི་ཚེ་སྲོག་ལ་རག་ལས་ཡོད་པར་བསམ་པའི་འདུ་ཤེས་ཤུགས་ཆེན་ཡོད་པ་དེ་ནི་ཧ་ཅང་ཡིད་སྐྱོ་བའི་གནས་
ཚུལ་ཞིག་ཡིན།
བོད་རྒྱའི་བར་གྱི་འབྲེལ་བ་ཐོག་མ། རྒྱལ་ལོ་དོན་གྲུབ་པེ་ཅིན་དུ་ཕེབས་པ།
རྒྱ་ནག་གཞུང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་འབོད་ཚིག་འོག་ཐའེ་ཝན་གྱི་གནད་དོན་ཐག་གཅོད་
བྱེད་རྒྱུའི་གྲོས་འགོ་འདོན་ཡོད་པ་དང། གོང་ས་སྐྱབས་མགོན་ཆེན་པོས་ཀྱང་རྒྱལ་ཁབ་གཅིག་ལ་ལམ་ལུགས་ཞེས་པ་དེ་ནི་བོད་ཀྱི་གནད་དོན་ཐག་གཅོད་་བྱེད་པའི་ཐབས་ལམ་ཞིག་ཡིན་པར་དགོངས་ཡོད་པ་ལོ་རྒྱུས་ཡིག་ཆ་མང་པོ་ཞིག་ནས་བདེན་དཔང་བྱེད་ཐུབ།
༡༩༧༩་ལོའི་ལོ་འགོར་རྒྱ་ནག་གུང་ཁྲན་ཏང་དབུས་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་དམིགས་བསལ་ཏ་ལའི་བླ་མ་ཕྱིར་ཕེབས་ན་ཆོག་པའི་སྲིད་ཇུས་ཐག་གཅོད་བྱས་པ་དང༌། ཧོང་ཀོང་དུ་ཡོད་པའི་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་འགྱུར་
ཡན་ལག་ཁང་གི་འགན་འཛིན་ལི་ཅུས་ཧྲེང་གིས ༧གོང་ས་མཆོག་གི་གཅེན་པོ་རྒྱལ་ལོ་དོན་གྲུབ་ལགས་སུ་འབྲེལ་བ་བྱས་
ནས་རྒྱ་ནག་གཞུང་གིས་གོང་ས་མཆོག་དང་མཉམ་དུ་འབྲེལ་བ་གནང་འདོད་ཡོད་པའི་རྣམ་འགྱུར་བསྟན་ཡོད་པ་དེ་ལ།
༧གོང་ས་ཏ་ལའི་བླ་མ་མཆོག་གིས་ཀྱང་རྒྱ་ནག་གཞུང་དང་མཉམ་དུ་འབྲེལ་བ་བྱེད་རྒྱུར་མོས་མཐུན་དང་འབྲེལ་༡༩༧༩ ལོའི་ཟླ་བ ༣ ཚེས ༡ ཉིན་རྒྱལ་ལོ་དོན་གྲུབ་ལགས་པེ་ཅིང་ལ་བཏང༌། སྐབས་དེར་རྒྱལ་ལོ་དོན་གྲུབ་ལགས་རྒྱ་ནག་གི་འགོ་ཁྲིད་ཏིང་ཞའོ་ཕིང་གཙོས་པའི་འཐབ་ཕྱོགས་གཅིག་གྱུར་ཁང་དང༌། མི་རིགས་ལས་དོན་ཁང་ཀྱི་གནད་ཡོད་འགོ་ཁྲིད་རྣམས་དང་འཇལ་འཕྲད་ཀྱིས་བཀའ་མོལ་གནང་ཡོད་པ་དང༌། ཏིང་ཞའོ་ཕིང་གིས་བོད་ནི་རྒྱ་ནག་མེས་རྒྱལ་གྱི་ཆ་ཤས་ཞིག་ཡིན་པ་ངོས་ལེན་བྱས་ཏེ། བོད་རང་བཙན་གྱི་བསམ་ཚུལ་དོར་ན་དོན་གནད་གང་འདྲ་ཞིག་གི་ཐད་ལའང་གོ་བསྡུར་བྱས་
ཆོག་པའི་ཆ་རྐྱེན་བཏོན་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་གོང་ས་ཏ་ལའི་བླ་མ་སྐུ་ཉིད་བོད་ནང་དུ་འཚམ་འདྲི་གཟིགས་བསྐོར་དུ་ཕེབས་རྒྱུར་རེ་བ་བཏོན་ནས། བོད་ནང་གི་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཆེད་དུ་ཕྱི་སྡོད་བོད་མི་རྣམས་བོད་ནང་ལ་བལྟ་བསྐོར་དུ་ཕེབས་ན་ཆོག་ཞེས་གསུངས་ཡོད་པ་རེད། སྐབས་དེར་རྒྱལ་ལོ་དོན་གྲུབ་ལགས་པེ་ཅིང་དུ་ཡོད་པའི་བོད་མི་གནད་ཡོད་ཀུན་གཟིགས་པན་ཆེན་རིན་པོ་ཆེ་མཆོག་དང༌། ང་ཕོད་ངག་དབང་འཇིགས་མེད། འབའ་བ་ཕུན་ཚོགས་དབང་རྒྱལ་སོགས་ལ་མཇལ་འཕྲད་གནང་ནས་ཕན་ཚུན་དགོངས་ཚུལ་བརྗེ་རེས་གནང་ཡོད་པ་རེད། རྒྱལ་ལོ་དོན་གྲུབ་ལགས་ཀྱིས་པེ་ཅིང་གི་གནས་ཚུལ་རྣམས་གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་སྙན་གསེང་བྱས་རྗེས། གོང་ས་ཏ་ལའི་བླ་མ་སྐུ་ཉིད་བོད་ནང་དུ་ཕེབས་རྒྱུར་གདན་འདྲེན་ཞུས་པར་སྐབས་དེར་བི་བི་སེ་རླུན་འཕྲིན་ཁང་གིས་གོང་ས་མཆོག་ལ་བཅར་འདྲི་བྱེད་སྐབས་ཁོང་གིས། ཿཿ བོད་མི་ས་ཡ་དྲུག་གིས་རྒྱ་ནག་དབང་འོག་ཏུ་སྡོད་འདོད་ཡོད་པའི་གནས་ཚུལ་ངོ་མ་ར་སྤྲོད་མ་བྱུང་བར་དུ་གདན་འདྲེན་ཞུས་བ་དེ་དང་ལེན་བྱེད་ཐུབ་ཀྱི་མེད། ཿཿ ཞེས་བོད་ནང་དུ་ཕེབས་རྒྱུ་དང་ལེན་མ་བྱས་བ་དང་
མཉམ་དུ་སྐབས་དེའི་རྒྱ་ནག་གི་དབང་འཛིན་པ་ཏིང་ཞའོ་ཕིང་ནི་ནོར་འཁྲུལ་ངོས་ལེན་བྱེད་ཐུབ་པའི་བློ་སྟོབས་ཅན་ཞིག་ཏུ་
མཐོང་ནས། གལ་ཏེ་རྒྱ་ནག་གཞུང་གི་ཁ་ཞེ་གཉིས་མེད་ཀྱིས་བོད་མིའི་བསམ་འདུན་དང༌། བོད་ཀྱི་ཆོས། རིག་གཞུང་
སོགས་ལ་བརྩི་འཇོག་བྱས་ན། བོད་རང་བཙན་གཙང་མ་བྱས་པའི་ལྟ་བར་འགྱུར་བ་བཏང་ཆོག་པའི་དགོངས་ཚུལ་བཏོན་
ཡོད་པ་རེད།
ཏྭ་ལའི་བླ་མའི་སྐུ་ཚབ་བལྟ་བསྐོར་ཚོགས་པ་ཐེངས་དང་པོ་བོད་་དུ་ཕེབས་པ།
སྐབས་དེར་གོང་ས་ཏ་ལའི་བླ་མ་མཆོག་དང་བཙན་བྱོལ་བོད་གཞུང་གི་ངོས་ནས་བོད་ཆོལ་ཁ་གསུམ་གྱི་མི་སྣ་ཡོད་པའི་ལྟ་
བསྐོར་ཚོགས་ཆུང་ཞིག་འདེམས་བསྐོ་བྱས། དེའི་ནང་དུ་སྐབས་དེའི་བཙན་བྱོལ་བོད་གཞུང་གི་དྲིལ་བསྒྲགས་བཀའ་བློན་
འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་ལགས་དང༌། བདེ་སྲུང་བཀའ་བློན་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ལགས། གོང་ས་མཆོག་གི་གཅེན་པོ་བློ་བཟང་བསམ་གཏན་ལགས། བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་བློ་
བཟང་དར་རྒྱས། ནང་སྲིད་དྲུང་ཆེ་བཀྲ་ཤིས་སྟོབས་རྒྱལ་བཅས་མི་ལྔས་གྲུབ་པའི་བལྟ་བསྐོར་ཚོགས་ཆུང་དེ་༡༩༧༩ ལོའི་ཟླ་བ་ ༨་ཚེས་༢་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་ཧོང་ཀོང་བརྒྱུད་པེ་ཅེང་དུ་ཕེབས། སྐུ་ཚབ་ཚོགས་པ་པེ་ཅིང་དུ་ཕེབས་པར་བཙན་བྱོལ་བོད་མིའི་ཁྲོད་དུ་གསང་བ་དམ་པོ་བྱས་ཡོད་པ་མ་ཟད། བཙན་བྱོལ་བོད་གཞུང་གི་ཆེས་མཐོའི་དབང་ཚད་ཡོད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་འང་ཟླ་ ༨་པའི་ཚེས་༡་ཉིན་མ་གཏོགས་གནས་ཚུལ་མཁོ་སྤྲོད་བྱས་མེད་པ་རེད། ཏ་ལའི་བླ་མའི་སྐུ་ཚབ་བོད་ནང་དུ་ཕེབས་པའི་གསར་འགྱུར་འདི་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་སྤེལ་ཁང་བརྒྱུད་ནས་རྒྱལ་
སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་མཁོ་སྤྲོད་བྱས་ཡོད་པ་རེད། གོང་ས་ཏ་ལའི་བླ་མའི་སྐུ་ཚབ་ཚོགས་པ་པེ་ཅེང་དུ་
ཕེབས་སྐབས་རྒྱ་ནག་གུང་ཁྲན་ཏང་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་གཞོན་པ་ལིའུ་ལན་ཐའོ་གནམ་ཐང་དུ་
བཅར་ནས་ཕེབས་བསུ་བྱས་ཡོད། ཁོང་རྣམས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡོད་པའི་བོད་ཀྱི་གནད་ཡོད་མི་སྣ་ཀུན་གཟིགས་
པན་ཆེན་པོ་ཆེ་དང༌། ང་ཕོད་ངག་དབང་འཇེིགས་མེད། འབའ་བ་ཕུནཚོགས་དབང་རྒྱལ་ལ་སོགས་ལ་འཇལ་འཕྲད་གནང་ཡོད་པ་རེད། སྐུ་ཚབ་ཚོགས་པ་བོད་ལ་ཕེབས་སྐབས་དེ་ནི། རྒྱ་གཞུང་གིས་འགྲོ་སོང་གང་ཙམ་བཏང་ནས་བོད་ཀྱི་དགོན་སྡེ་ཁག་ཅིག་ཉམས་གསོ་བྱེད་འགོ་བཙུགས་པ་མ་ཟད། མི་དམངས་སྤྱི་ཁང་ངམ། མཉམ་ལས་ཁང་གི་ལམ་ལུགས་ལ་
བཅོས་བསྒྱུར་བྱས་ནས་ས་ཞིང་དང་ཕྱུགས་ཟོག་སྒེར་ལ་དབང་བའི་ལམ་ལུགས་ཅན་དུ་སྒྱུར་འགོ་ཚུགས་པས། བོད་ནང་
སྲིད་ཇུས་གུ་ཡངས་ཀྱི་རྣམ་པ་གསལ་བོར་མངོན་པ་དང་མཉམ་དུ་བོད་མི་རྣམས་ཀྱི་གདོང་ལ་དགའ་བའི་འཛུམ་མདངས་རྒྱས་པའི་སྐབས་ཡིན། དེ་ནི་དུས་རིང་ཡུན་བོར་མནར་གཅོད་དང་བཙན་གནོན་འོག། སློབ་མས་བླ་མར་ངོ་རྒོལ་དང༌། བུ་ཕྲུག་གིས་ཕ་མར་འཐབ་འཛིང་བྱེད་དགོས་པའི་ཡ་ང་སྡུག་བསྔལ་གྱི་དུས་སྐབས་མཇུག་བསྒྲིལ་ནས་བོད་མི་དམངས་ཀྱི་དབུགས་
རིང་གཏོང་བའི་སྐབས་ཞིག་ཡིན་པ་ལས། བོད་མིའི་སེམས་ཀྱི་དགོས་འདུན་འགྲུབ་པ་ཞིག་གཏན་ནས་མ་ཡིན་པ་མ་ཟད། དེ་ནི་བོད་མི་རྣམས་ཀྱིས་བོར་བརླག་དུ་ཕྱིན་པའི་ཆོས་དང་རིག་གཞུང༌། མི་རིགས་ཀྱི་ངོ་བོ། རང་ཉིད་ཀྱི་དབུ་ཁྲིད་སོགས་
བཙལ་རྒྱུའི་འགོ་བཙུགས་པ་རེད། ཡིན་ནའང་རྒྱ་ནག་གཞུང་གིས་བོད་མི་རྣམས་ཀྱི་བསམ་བློ་ངོ་མ་རྒྱུས་ལོན་བྱེད་མ་ཐུབ་
པར་ཅུང་གུ་ཡངས་བཏང་བ་ཙམ་གྱིས་འདོད་བློ་ཁེངས་ངེས་སྙམ་པའི་བསམ་ཚུལ་བཟུང་ཡོད་པ་མ་ཟད། གོང་ས་ཏ་ལའི་བླ་མའི་སྐུ་ཚབ་ཚོགས་པ་བོད་ཀྱི་ས་ཁུལ་ཁག་ཏུ་ཕེབས་སྐབས་མི་མང་གི་ངོ་རྒོལ་བྱེད་སྲིད་སྙམ་པའི་བསམ་བློ་འཕྲུལ་སྣང་
ཅན་ཞིག་སྐྱེས་ཡོད་པ་རེད། གོང་ས་མཆོག་གི་སྐུ་ཚབ་ཚོགས་པ་རྣམས་ཨ་མདོ་རེབ་གོང་དང་བླ་བྲང་སོགས་ལ་ཕེབས་
སྐབས་བོད་མི་མང་གིས་ཤི་གསོན་ངོ་འཕྲད་པ་ལྟར་ཁོང་རྣམས་ལ་དགའ་བསུ་ཞུ་བ་མ་ཟད། དགའ་དྲགས་ན་ངུ་ཤོར་ཟེར་བ་བཞིན་བོད་མི་རྣམས་སྐུ་ཚབ་ཚོགས་པའི་ཚོགས་མི་རྣམས་ལ་འཐམ་ནས་ངུ་འབོད་བྱས་ཡོད་པ་རེད། རྒྱ་ནག་དབུས་གཞུང་གིས་སྣང་ཚུལ་དེ་མཐོང་ནས་སེམས་འཚུབ་སྐྱེས་ཏེ། བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་རྣམས་ལ་གོང་གསལ་གནས་ཚུལ་བཤད་ནས་སྐུ་ཚབ་ཚོགས་པ་རྣམས་ལྷ་སར་བཏང་ན་འགྲིག་མིན་དང༌། གལ་ཏེ་ལྷ་སར་བཏང་བ་ཡིན་ན་མི་མང་གི་རྣམ་
འགྱུར་ཇི་སྟོན་དྲིས་པར། བོད་རང་སྐྱོང་ལྗོངས་ཀྱིས་ལོ་ངོ་ཉི་ཤུ་ལྷག་ཙམ་རིང་ལས་དོན་སྒྲུབ་པར་བོད་ལྗོངས་མི་མང་རྣམས་ཀྱི་ཆབ་སྲིད་གོ་རྟོགས་ཧ་ཅང་མཐོན་པོ་ཡོད་པར་བརྟེན་མཚོ་སྔོན་དང༌། ཀན་སུའུ་ས་ཁུལ་ཁག་གི་བོད་མི་ནང་བཞིན་ཏ་ལའི་བླ་མའི་སྐུ་ཚབ་མི་ལྔ་ལ་དགའ་བསུ་ནམ་ཡང་བྱེད་ཀྱི་མ་རེད། འོན་ཀྱང་ས་ཁུལ་མི་མང་རྣམས་ཀྱིས་ཏ་ལའི་བླ་མའི་སྐུ་ཚབ་རྣམས་ལ་རྣམ་འགྱུར་ངན་པ་སྟོན་མི་ཡོང་ངམ་སྙམ་པའི་སེམས་ཁྲལ་ཡོད་སྟབས། རྣམ་འགྱུར་ངན་པ་སྟོན་པ་དང༌། ཁ་ལུད་གཡུགས་པ། རྡོ་གཞུ་བ་སོགས་བྱས་ན་འགྲིགས་ཀྱི་མ་རེད་ཅེས་མི་མང་ལ་སློབ་གསོ་རྒྱག་བཞིན་ཡོད་སྐོར་སྙན་གསེང་ཞུས་ཡོད་པ་རེད། སྐབས་དེའི་བོད་རང་སྐྱོང་ལྗོངས་གུང་ཁྲན་ཏང་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་རེན་རོང་གཙོས་པའི་འགོ་ཁྲིད་
རྣམས་ཀྱིས་བོད་རང་སྐྱོང་ལྗོངས་ནང་གི་གནས་སྟངས་ངོ་མ་རྒྱུས་ལོན་བྱེད་ཐུབ་མེད་པ་གསལ་བོར་ཆགས་པ་ནི། སྐུ་ཚབ་ཚོགས་པ་ལྷ་སར་ཕེབས་དུས་་བོད་མི་དམངས་ཀྱིས་དགའ་བསུ་ཆེན་པོ་ཞུས་ནས་རྒྱ་ནག་གི་འགོ་ཁྲིད་ཚོ་ཁ་སྐྱེངས་པར་བཟོས་པ་རེད།
གཉེན་འཕྲད་ལག་འཁྱེར།
༡༩༧༩ ལོའི་ཟླ་བ་གསུམ་པའི་ནང་རྒྱ་ནག་གཞུང་གིས་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་གཉེན་འཕྲད་དུ་ཕེབས་ཆོག་
པའི་གསལ་བསྒྲགས་བྱས་པ་དང༌། བོད་མི་རྣམས་ཀྱིས་རྒྱ་གར་རྒྱལ་ས་ལྡི་ལི་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་བརྒྱུད་ནས་ཕྱི་སྡོད་རྒྱ་ནག་གི་མི་སེར་ཞེས་པའི་ལག་འཁྱེར་བརྒྱུད་བོད་ནང་དུ་ཕེབས་ཆོག་པ་གཏན་འབེབས་བྱས། བོད་མི་ཁག་ཅིག་
གིས་ལག་འཁྱེར་དེ་ངོས་ལེན་བྱེད་མི་ཐུབ་ཚུལ་བརྗོད་ཡོད་པ་མ་ཟད། བོད་ནང་ལ་གཉེན་འཕྲད་དུ་བསྐྱོད་འཆར་ཡོད་པ་
ཁག་ཅིག་གིས་རྒྱ་ནག་གི་ཕྱི་སྡོད་མི་སེར་ཞེས་པའི་ལག་འཁྱེར་བཟུང་ནས་་བོད་དུ་བསྐྱོད་རྒྱུ་ཕྱིར་འཐེན་བྱས། ཡིན་ནའང་
བོད་མི་གང་མང་ཞིག་ལག་འཁྱེར་དེ་བརྒྱུད་ནས་བོད་ནང་དུ་གཉེན་འཕྲད་དུ་བསྐྱོད་ཡོད་པ་རེད། དེང་སྐབས་རྒྱ་གར་ནས་
བོད་ནང་ལ་གཉེན་འཕྲད་དུ་བསྐྱོད་མཁན་རྣམས་ཀྱིས་ཀྱང་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་སྤྲད་པའི་ཕྱི་སྡོད་རྒྱ་ནག་གི་མི་སེར་ཞེས་པའི་ལག་འཁྱེར་དེའི་སྟེང་བོད་ནང་བསྐྱོད་བཞིན་ཡོད་པ་རེད། སྐུ་ཚབ་བལྟ་སྐོར་ཚོགས་པ་ཐེངས་དང་
པོ་ལྡི་ལི་ནས་པེ་ཅིང་ལ་ཐོན་པའི་ཉིན་གཅིག་གི་རྗེས་སུ། ༡༩༧༩ལོའི་ཟླ་བ་ ༨ པའི་ཚེས ༣ ཉིན་རྒྱང་ཤར་ཨེ་ཤ་ཡའི་
དཔལ་འབྱོར་བསྐྱར་ཞིབ་ཞེས་པའི་བདུན་རེའི་དུས་དེབ་སྟེང༌། གསར་འགོད་པའི་༧གོང་ས་མཆོག་ལ་བཅར་འདྲི་ཞུས་པ་ཞིག་བཀོད་ཡོད་པ་དེའི་ནང༌། རྒྱ་ནག་གཞུང་གིས་བཙན་བྱོལ་བོད་མི་རྣམས་བོད་ནང་དུ་གཉེན་འཕྲད་དུ་བསྐྱོད་ཚེ་འགྲུལ་བསྐྱོད་ལག་འཁྱེར་ཕྱི་སྡོད་རྒྱ་ནག་གི་མི་སེར་བཀོད་དགོས་པའི་དགོས་འདུན་འདོན་པ་དེར་༧གོང་ས་མཆོག་གིས་ཐུགས་
བབས་མེད་པ་འདྲ ། དེ་ཡང་གོང་མཆོག་གིས། ཿཿ རྒྱ་གར་གཞུང་གིས་གནང་བའི་འགྲུལ་བསྐྱོད་ལག་འཁྱེར་རྒྱ་མིས་ཁས་ལེན་བྱེད་ཐབས་མེད་ཅེས་བརྗོད་ཡོད། ལག་འཁྱེར་དེ་ནི་འཛམ་བུ་གླིང་རྒྱལ་ཁབ་ཀུན་གྱིས་ཁས་ལེན་བྱེད་པའི་ལག་འཁྱེར་ཞིག་ཡིན། དེ་ཡང་རྒྱ་མིའི་ཁས་ལེན་མ་བྱས་བ་རེད། ང་ཚོའི་ཉམས་མྱོང་གི་ཐོག་ནས་རྒྱ་མིའི་དཔོན་རིགས་ཚོའི་བསམ་བློ་ནི་གཞན་དང་མི་འདྲ་བའི་སྔ་ཚིག་ཕྱི་འགལ་བྱེད་མཁན་ཞིག་རེད། ཿཿ ཞེས་གོང་ས་མཆོག་གིས་རྒྱ་ནག་གི་དགོས་འདུན་དེར་མ་འདོད་པའི་རྣམ་འགྱུར་བསྟན་ཡོད།
ཏྭ་ལའི་བླ་མའི་སྐུ་ཚབ་ལྟ་བསྐོར་ཚོགས་པ་ཐེངས་གཉིས་པ་དང་གསུམ་པ།
༡༩༨༠ལོའི་ཟླ་བ་༥་ཚེས་༡་ཉིན་སྐབས་དེའི་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་རུ་ཡོད་པའི་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱིས་དབུ་ཁྲིད་པའི་སུད་སི་དོན་གཅོད་ཚེ་རིང་རྡོ་རྗེ་དང༌། ཉི་ཧོང་དོན་གཅོད་པད་མ་རྒྱལ་བོ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་སྤྱིན་པ། དབྱིན་ཡུལ་དུ་གནས་སྡོད་ཕུན་ཚོགས་དབང་རྒྱལ་བཅས་བཙན་བྱོལ་ཁྲོད་དུ་འཚར་ལོངས་བྱུང་བའི་བོད་རིགས་གཞོན་སྐྱེས་ཤེས་ཡོན་ཅན་མི་ལྔས་གྲུབ་པའི་སྐུ་ཚབ་བལྟ་བསྐོར་ཚོགས་པ་ཐེངས་གཉིས་པ་བོད་དུ་བཏང། དེ་ནས་ཅུང་མ་འགོར་བར་ཕྱི་ཟླ་དྲུག་པའི་ནང་སྐུ་ཚབ་བལྟ་བསྐོར་ཚོགས་པ་
ཐེངས་གཉིས་པ་བོད་ནང་དུ་ཡོད་སྐབས་༧གོང་ས་མཆོག་གི་གཅུང་མོ་རྗེ་བཙུན་པད་མའི་སྣེ་ཁྲིད་པའི་སྐུ་ཚབ་བལྟ་སྐོར་
ཚོགས་པ་ཐེངས་གསུམ་བོད་དུ་བཏང་ནས་གཙོ་བོ་ཤེས་རིག། སློབ་གསོ་སྐོར་བལྟ་ཞིབ་བྱས་ཡོད་པ་རེད།སྐུ་ཚབ་བལྟ་བསྐོར་ཚོགས་པ་ཐེངས་གཉིས་པ་གཏོང་དོན་ནི་ཕྱི་རྒྱལ་དུ་འཚར་ལོངས་བྱུང་ཞིང༌། གཞོན་སྐྱེས་ཤེས་ལྡན་མི་སྣ་ལྔ་དེ་དག་བརྒྱུད་
བཙན་བྱོལ་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་བོད་རིགས་གཞོན་སྐྱེས་ཚོར་སློབ་སྦྱོང་ཡག་པོ་སྤྲད་ཡོད་པ་དང༌། བསམ་བློའི་ཡར་ཐོན་ཡིན་པ་རྒྱ་ནག་གཞུང་ལ་ངོ་སྤྲོད་བྱེད་རྒྱུར་དམེིགས་ཡོད་པ་རེད། ཁོང་རྣམས་བོད་དུ་མ་ཕེབས་གོང་བོད་རང་བཙན་ཞེས་པའི་ཚིག་དེ་གླེང་སློང་བྱེད་རྒྱུ་མིན་པ་རྒྱ་ནག་གཞུང་ལ་ཁས་ལེན་བྱས་ཡོད་པ་མ་ཟད། གོང་ས་མཆོག་གིས་ཀྱང་དེའི་ཐད་ལ་
བཀའ་སློབ་གནང་འདུག། ཁོང་རྣམས་ལྷ་སར་འབྱོར་སྐབས་བོད་མི་ཁ་ཤས་དང་འཇལ་འཕྲད་གནང་དུས། དགའ་ལྡན་
དགོན་པར་གསེར་ཐང་དུས་ཆེན་དང་འཁེལ་ཡོད་པ་ཤེས་རྟོགས་བྱུང་ནས་ཁོང་རྣམས་ཀྱིས་མཛད་འཆར་བརྗེ་བོ་རྒྱག་དགོས་པའི་རེ་འདུན་ཞུས་ནས་དགའ་ལྡན་དགོན་པར་ཕེབས་ཡོད་པ་རེད། སྐབས་དེར་སྐུ་ཚབ་བལྟ་བསྐོར་ཚོགས་པ་དགའ་ལྡན་དུ་
ཕེབས་ཡོད་པངི་གནས་ཚུལ་ལྷ་སའི་ནང་གང་སར་ཁྱབ་ནས་བོད་མི་མང་པོ་དགའ་ལྡན་དུ་ཕེབས་པའི་ལམ་ཁར་རྒྱ་ནག་
གཞུང་གིས་བཀག་སྡོམ་དམ་དྲག་བྱས་ཡོད་པ་དང༌། གནས་ཚུལ་དེར་སྐུ་ཚབ་ཚོགས་མི་རྣམས་ཀྱིས་ཐོས་སྐབས་ང་ཚོ་འདིར་སླེབས་པར་བརྟེན། བོད་མི་མང་ལ་སྡུག་པོ་བཏང་མི་ཆོག་ཞེས་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཚོར་ཞུ་གཏུགས་བྱས་ཡོད་པ་རེད། སྐབས་དེར་རྒྱ་ནག་གཞུང་གིས་པེ་ཅིང་དུ་བཅའ་བཞུགས་ཕྱི་རྒྱལ་གྱི་གསར་འགོད་ཉི་ཤུ་ལྷག་ཙམ་ལྷ་སར་ཁྲིད་
ཡོང་བ་དང༌། ཟླ་བ་༨་ཚེས་༢༦་ཉིན་སྐུ་ཚབ་ཚོགས་པ་རྣམས་བོད་རང་སྐྱོང་ལྗོངས་ཀྱི་ཆབ་སྲིད་གྲོས་ཚོགས་དུ་ཕེབས་ནས་
ཕྱིར་ཕེབས་སྐབས་བོད་མི་རྣམས་སྟོང་ཕྲག་མང་པོས་སྒོ་ཁར་སྒུག་ཡོད་པ་དང་དེ་དུས་ཕྱི་རྒྱལ་གསར་འགོད་པ་ཁག་ཅིག་
སླེབས་ཡོད་པ་རེད། སྐུ་ཚབ་ཚོགས་པས་མི་མང་ཁྲོད་དུ་གཏམ་བཤད་བྱེད་སྐབས། མི་མང་ཁྲོད་ནས་བོད་རང་བཙན།
༧གོང་ས་སྐྱབས་མགོན་ཆེན་པོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་སོགས་སྐད་འབོད་བྱས་པའི་གནས་ཚུལ་བྱུང༌། ཕྱི་རྒྱལ་
གསར་འགོད་པ་རྣམས་ཀྱིས་གསར་འགོད་བརྒྱུད་ལམ་ཁག་ཏུ་་ལྷ་སར་ཇི་བྱུང་གནས་ཚུལ་རྣམས་རྒྱལ་སྤྱིའི་སྟེང་འགྲེམས་
སྤེལ་བྱས། རྒྱ་ནག་གཞུང་གིས་སྐུ་ཚབ་ཚོགས་པ་རྣམས་ལ་ཁྱེད་རྣམ་པའི་བྱ་སྤྱོད་ཡག་པོ་མི་འདུག། མི་རིགས་རྒྱབ་འགལ་དང་མཐུན་སྒྲིལ་གཏོར་བཤིག་གཏོང་གི་འདུག་བརྗོད་དེ་འཕྲལ་དུ་གནམ་གྲུ་བརྒྱུད་པེ་ཅིང་དུ་བཏང། ཁོང་རྣམས་པེ་ཅིང་དུ་སླེབས་དུས་༧ཀུན་གཟིགས་པན་ཆེན་རིན་པོ་ཆེ་མཆོག་པེ་ཅིང་དུ་བཞུགས་མེད་པ་དང༌། ང་ཕོད་ངག་དབང་འཇིགས་མེད་དང༌། འབའ་བ་ཕུན་ཚོགས་དབང་རྒྱལ་གཉིས་ལ་མཇལ་འཕྲད་གནང་ཡོད་པ་རེད།
གོང་ས་ཏྭ་ལའི་བླ་མ་དང་རྒྱ་ནག་གི་འགོ་ཁྲིད་བར་ཡིག་འབྲེལ།
རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ནང་དུ་ཡང་མའོ་ཙེ་ཏུང་འདས་གྲོངས་སུ་མ་གྱུར་གོང༌། ཧྭ་གོ་ཕིན་ལ་ཁྱེད་ཀྱིས་བྱ་བ་སྒྲུབ་
ན་ངའི་སེམས་བདེ་ཞེས་བརྗོད་པ་དང༌། ཧྭ་གོ་ཕིན་གྱི་བརྗོད་ཚིག་དེ་བེད་སྤྱོད་བཏང་ནས་སྐབས་ཅིག་རིང་དབང་འཛིན་བྱེད་ཐུབ་ཡོད་ནའང། ཏིང་ཞའོ་ཕིང་གིས་ཐབས་མཁས་ངང་མཐོ་རིམ་འགོ་ཁྲིད་ཁོངས་མའོ་ཡི་རྗེས་འཛིན་པ་རྣམས་ཏང་ནང་གི་གོ་གནས་སུ་སྡོད་མ་ཐུབ་བཟོས་པ་དང༌། ༡༩༧༨ལོར་རྒྱ་ནག་གུང་ཁྲན་ཏང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་
ཚོགས་ཐེངས་གསུམ་པའི་སྟེང༌། ཏིང་གྱི་ཆབ་སྲིད་དང་དཔལ་འབྱོར་ལེགས་བཅོས་ཀྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཆེན་པོ་ཐོབ་པ་ནས། ཏིང་རྒྱ་ནག་དབུས་གཞུང་གི་དམག་དོན་ལྷན་ཁང་གི་གཙོ་འཛིན་ལ་བསྐོ་བཞག་བྱས་པ་དང༌། རིམ་བཞིན་ཏིང་ཞའོ་
ཕིང་རྒྱ་ནག་གི་ཆབ་སྲིད་དང་དཔལ་འབྱོར་ལ་སོགས་བཅོས་བསྒྱུར་བྱེདམཁན་་མི་སྣ་གཙོ་བོར་གྱུར་བ་མ་ཟད། རྒྱལ་སྤྱིའི་སྟེང་ཏིང་ལ་གདེང་འཇོག་ཆེན་པོ་བྱས་ཡོད་པ་རེད། ཏིང་གིས་རྒྱ་ནག་གུང་ཁྲན་ཏང་གི་ལོ་རྒྱུས་ལ་ཕྱིར་མིག་དང༌། མིག་མདུན་དུ་ལྷག་ཡོད་པའི་གནད་དོན་མང་པོ་ཞིག་ལ་བསམ་བློ་མི་གཏོང་རང་གཏོང་ཆགས་ནས། ཐའེ་ཝན་དང་ཧོང་ཀོང༌། བོད་ཀྱི་གནད་དོན་བཅས་ལ་གུ་ཡངས་ཀྱི་བསམ་བློ་ཞིག་གཏོང་འགོ་བཙུགས་ནས་༧གོང་ས་ཏ་ལའི་བླ་མ་དང་བཙན་བྱོལ་
བོད་གཞུང་ལ་འབྲེལ་བ་བྱེད་འགོ་ཙུགས། ཡིན་ནའང་རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་དེ་ཏ་ལའི་བླ་མ་སྐུ་སྒེར་གྱི་གནད་དོན་ཞིག་ལ་བརྩིས་ནས། ཏ་ལའི་བླ་མར་གྲོས་མོལ་བྱེད་ཟེར་བ་ཙམ་ལས་བཙན་བྱོལ་བོད་གཞུང་ཁས་ལེན་བྱས་
མེད་པ་རེད། གོང་ས་ཏ་ལའི་བླ་མའི་ཕྱོགས་ནས་ཀྱང་ཏིང་ནི་སྐད་ཆ་ཤོད་ས་ཡོད་པ་དང༌། རྒྱུ་མཚན་ལ་ཅུང་ཉན་འཇོག་
བྱེད་མཁན་ཞིག་ཏུ་མཐོང་ནས། ༡༩༨༡ ལོའི་ཟླ་༣་ཚེས ༢༣ བཀོད་པའི་ཕྱག་ཡིག་ཞིག་༧གོང་ས་ཏ་ལའི་བླ་མ་མཆོག་གིས་ཏིང་ལ་བཏང་ཡོད་པ་དེའི་ནང་དུ། ཿཿ ད་ཆ་སྔོན་ཆད་གྱི་ནོར་འཁྲུལ་ཉམས་མྱོང་ལ་ཕྱོགས་བསྡོམས་བྱས་ནས་དངོས་
ཐོག་བདེན་འཚོལ་དང༌། དེང་རབས་ཅན་ལ་བསྒྱུར་རྒྱུའི་སྲིད་བྱུས་རྣམ་དཔྱོད་དང་ལྡན་པའི་ལམ་དུ་བསྐྱོད་བཞིན་པ་དང༌། བོད་དོན་སྐོར་ལའང་བློ་མཐུན་ཧུའུ་ཡའོ་པང་ལྷ་སར་ཕེབས་ནས་སྔོན་ཆད་ཀྱི་ནོར་འཁྲུལ་སྦ་གསང་མེད་པར་ནོར་བཅོས་གང་ཐུབ་གནང་རྒྱུ་ཡིན་པ་ཡི་རངས་དང་བསྔགས་བརྗོད་ཡོད། ཿཿ ཞེས་བཀོད་ཡོད་པ་རེད།
ཡང་གོང་ས་མཆོག་གིས་ཏིང་ལ་གནང་བའི་ཕྱག་ཡིག་དེའི་ནང་དུ་མུ་མཐུད་དུ་བཀོད་དོན། ཿཿ བོད་ནང་དུ་ལྟ་སྐོར་ཐེངས་
གསུམ་སླེབས་པ་དེས་དངོས་ཡོད་གནས་ཚུལ་བཟང་ངན་གཉིས་ཀ་ཞིབ་རྟོགས་ཐུབ་པ་བྱུང་དོན། བོད་རྒྱ་ཆེའི་མི་མང་རྣམས་
མི་རིགས་ཀྱི་ཁྱད་ཆོས་ལྡན་ལ་བདེ་སྐྱིད་ཁ་ཡོད་ལག་ཡོད་ཅིག་ཡོད་ན་རྙོག་གླེང་བསམ་འཆར་ཡོང་དོན་གང་ཡང་མེད། འོན་ཀྱང་དངོས་ཡོད་གནས་ཚུལ་གོང་སྨྲོས་ལྟར་བོད་མིའི་བརྒྱ་ཆའི་དགུ་བཅུ་ཡན་ལུས་སེམས་གཉིས་ངལ་གྱི་གནས་སྟངས་འོག་བློ་ཕམ་ཤིན་ཏུ་ཆེན་པོའི་ངང་གནས་འདུག དཀའ་ངལ་འདི་དག་ནི་རང་བྱུང་གནོད་འཚེ་ལས་བྱུང་བ་མ་ཡིན་པར་
མིའི་བྱེད་སྤྱོད་ལས་བྱུང་བ་ཞིག་ཡིན་སྟབས་ད་ཆ་དངོས་ཡོད་གནས་ཚུལ་དང་མཐུན་ཞིང། རྒྱུ་མཚན་ལྡན་པའི་ཐབས་ལམ་ལ་བརྟེན་ནས་དཀའ་ངལ་སེལ་ཐབས་བྱེད་དགོས་པས་རྒྱ་བོད་དབར་དང༌། བོད་ཕྱི་ནང་དབར་མཛའ་འབྲེལ་ཇེ་ཆེར་བཏང་
ཐོག འདྲ་མཉམ་དང་དྲང་བདེན་གཞི་རྩར་བཟུང༌། ཕན་ཚུན་གོ་རྟོགས་གསལ་བོར་ཡོང་བར་བྱས་ཏེ། མ་འོངས་བར་རྒྱ་བོད་མཛའ་མཐུན་དམ་ཟབ་ཡོང་བ་དང༌། བོད་མི་མང་ལ་བདེ་སྐྱིད་ཁ་ཡོད་ལག་ཡོད་ཅིག་ཡོང་བའི་དོན་དུ་ཕན་ཚུན་གཉིས་ཕྱོགས་ནས་བཟོད་བསྲན་ཁོག་ཡངས་དང་འབྲེལ་བློ་གྲོས་གཏིང་ཟབ་གྱི་སྒོ་ནས་འབད་བརྩོན་ཛ་དྲག་གིས་བྱེད་དགོས་པའི་
དུས་ལ་བབས་པ་ལྟ་བུ་མཐོང་ངོ། ཿཿ ཞེས་བཀོད་པ་དེས་གོང་ས་མཆོག་གིས་བོད་རང་བཙན་ཞེས་པའི་ཚིག་དེ་དོར་ནས་བོད་མི་མང་ལ་ཁ་ཡོད་ལག་ཡོད་གྱི་བདེ་སྐྱིད་ཆེད་ཞེས་པའི་ཚིག་འདི་ཡུན་རིང་བེད་སྤྱོད་བྱས་ཡོད་པ་དང༌། ཡང་༡༩༨༢་ལོའི་ཟླ་བ་བདུན་པའི་ཚེས ༡༦ ཉིན་རྒྱང་ཤར་ཨེ་ཤ་ཡའི་དཔལ་འབྱོར་བསྐྱར་ཞིབ་ཞེས་པའི་དུས་དེབ་དེའི་གསར་འགོད་པས་
གོང་ས་མཆོག་ལ་བཅར་འདྲི་ཞུས་པ་འི་ལན་དུ། ཿཿ འདས་པའི་ལོ་ཉི་ཤུའི་རིང་ང་ཚོས་རང་བཙན་ཆེད་དུ་འཐབ་རྩོད་བྱེད་
པའི་ལངས་ཕྱོགས་བཟུང་བ་དེ་ནི། ང་ཚོས་རྒྱ་ནག་དང་རྒྱ་ནག་གི་ལྟ་བ་ལ་མ་དགའ་བ་བྱས་ནས་བྱས་པ་ཞིག་མིན་པར། བོད་རྒྱ་ཆེའི་མི་དམངས་ཀྱི་དཀའ་སྡུག་འབའ་ཞིག་ལ་བསམས་ནས་བྱས་པ་ཡིན། འོན་ཀྱང་གནས་སྟངས་འགྱུར་འགྲོ་གི་ཡོད་
པས་འདས་པའི་གནས་ཚུལ་རྟག་ཏུ་གནས་མི་ཐུབ། ངོས་རང་ནས་འདས་དང་ད་ལྟ་གཉིས་ཀྱི་ནང་ནས་གཙོ་བོ་ད་ལྟར་ཡིད་
འཇོག་བྱེད་མཁན་ཞིག་ཡིན༌།ཿཿ ཞེས་རྒྱལ་སྤྱིའི་སྟེང་ལ་འང་ཁོང་གིས་བོད་རང་བཙན་གྱི་ལངས་ཕྱོགས་ལ་འགྱུར་བ་བཏང་ཡོད་པ་གསལ་བོར་གསུངས་ཡོད། ཡིན་ནའང་རྒྱ་ནག་གཞུང་གི་བོད་ནང་དུ་ཡར་རྒྱས་ཆེན་པོ་སོང་ཡོད་པ་དང༌། བོད་མི་མང་གི་འཚོ་བ་སྔར་ལས་ལྷག་པའི་འཕེལ་རྒྱས་བྱུང་ནས་བདེ་སྐྱིད་ཀྱི་དཔལ་ལ་རོལ་བཞིན་ཡོད་པའི་སྐོར་རྒྱལ་ཁབ་ཕྱི་ནང་གཉིས་སུ་དྲིལ་བསྒྲགས་ཤུགས་ཆེན་བྱས་ཡོད་པ་རེད།
ཧུའུ་ཡའོ་པང་གི་བཏོན་པའི་བོད་ཀྱི་གནད་དོན་ཐག་གཅོད་དོན་ཚན་ལྔ།
༡༩༨༠་ལོའི་ཟླ་བ་༣་པའི་ནང་རྒྱ་ནག་དབུས་གཞུང་གིས་བོད་ཀྱི་ལས་དོན་སྐོར་གྱི་གྲོས་མོལ་ཚོགས་འདུ་ཐེངས་དང་པོ་
འཚོགས་པ་དང་ཚོགས་འདུ་དེ་ལ་པན་ཆེན་རིན་པོ་ཆེ་མཆོག་ཀྱང་གདན་འདྲེན་ཞུས་ནས་དགོངས་ཚུལ་དྲིས་པར༌། ཁོང་
གིས་༡༩༦༢ ལོར་སྐབས་དེའི་རྒྱ་ནག་སྲིད་བློན་ཀྲའོ་ཨེར་ལེན་གྱི་མིང་ཐོག་ཏུ་ཕུལ་པའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ནང་བཀོད་ཡོད་པ་རྣམས་བསྐྱར་དུ་དགོངས་འཆར་བཏོན་ཡོད་པ་རེད། བོད་ཀྱི་ལས་དོན་སྐོར་གྱི་ཚོགས་འདུ་དེའི་ཐོག་བོད་
ལྗོངས་ཀྱི་ལས་དོན་བྱེད་ཕྱོགས་སྐོར་གྱི་ཡིག་ཆ་གཏན་འབེབས་བྱས་ནས། ལོ་དེའི་ཟླ་བ་༥་ཚེས་༢༢་ཉིན་རྒྱ་ནག་གུང་ཁྲན་ཏང་གི་སྤྱི་ཁྱབ་དྲུང་ཆེ་ཧུའུ་ཡའོ་པང་དང༌། ང་ཕོད་ངག་དབང་འཇིགས་མེད། ཝན་ལི་བཅས་ལྷ་ས་གོང་དཀར་གནམ་ཐང་དུ་འབྱོར། ཚེས་༢༩་ཉིན་བོད་སྐྱོང་ལྗོངས་ཀྱི་གུང་ཁྲན་ཏང་ཡོན་དང༌། ཆེས་མཐོའི་དཔོན་རིགས་༤༥༠༠་ལྷག་འཛོམས་
སར་ཧུའུ་ཡའོ་པང་གིས་གསུངས་བཤད་གནང་ཏེ། རྒྱ་ནག་གུང་ཁྲན་ཏང་གིས་བོད་ནང་ལས་དོན་ལེགས་སྒྲུབ་བྱུང་མེད་པ་ངོས་འཛིན་བྱས་པ་དང༌། བོད་ལྗོངས་ཀྱི་དབུལ་སྐྱོབ་ལས་དོན་གྱི་དམིགས་ཡུལ་འགྲུབ་རྒྱུ་ད་དུང་ཡང་རྒྱང་ཐག་རིང་པོ་ཡིན་པ་དང༌། བོད་ཀྱི་ས་ཁུལ་ཁ་ཤས་ནང་སྔོན་ཆད་ལས་འཚོ་བའི་གནས་སྟངས་ཇེ་སྡུག་ཏུ་སོང་ཡོད་པ་སོགས་ཀྱི་གསུངས་
བཤད་གནང་ཡོད་པ་རེད། ཧུའུ་ཡའོ་པང་གི་བོད་ལ་འཛིན་པའི་སྲིད་ཇུས་ལ་བོད་མི་རྣམས་ཀྱི་དགའ་བསུ་ཞུས་པ་མ་
ཟད། བོད་ཀྱི་དབུ་ཁྲིད་གོང་ས་ཏ་ལའི་བླ་མས་ཀྱིས་ཀྱང་ ༡༩༨༡ ལོའི་ཟླ་བ་༣་ཚེས་༢༣ བཀོད་པའི་ཡི་གེ་ཞིག་རྒྱ་ནག་གི་འགོ་ཁྲིད་ཏིང་ཤའོ་ཕིན་ལ་བཏང་ཡོད་པའི་ནང༌། ཿཿ འགྲོ་བ་སྤྱི་དང༌། ལྷག་པར་འབྱོར་མེད་གྲལ་རིམ་གྱི་བདེ་རྩ་གཙོ་བོར་དམིགས་པའི་དམར་པོའི་ལྟ་བ་དང༌། ལེ་ཉིན་གྱི་མི་རིགས་འདྲ་མཉམ་གྱི་སྲིད་བྱུས་ལ་ཕྲ་ན་རང་བློ་མོས་དང་ཡིད་ཆེས་ཡིད་ཡོད༌།ཿཿ ཞེས་གུང་ཁྲན་ཏང་གི་རྩ་བའི་ལྟ་བ་ལ་མོས་མཐུན་ཡོད་པའི་རྣམ་པ་བསྟན་ཡོད།
གོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་ཀྱི་འདས་པའི་ལོ་ངོ་ཉི་ཤུའི་ལོ་རྒྱུས་ཉམས་མྱོང་ཕྱོགས་བསྡོམས་གནང་དོན། ཿཿ འདས་པའི་ལོ་ངོ་ཉི་ཤུ་ནི་ནག་པོ་དང༌། དངོས་འབྲེལ་བྱས་ན་ཤིན་ཏུ་ནག་པོ་རེད། དེ་རྗེས་ཏིང་ཞའོ་ཕེང་གཞུང་གིས་བོད་ལ་འདོད་བབས་ཡོད་པའི་འགྱུར་བ་ཁ་ཤས་བཏང་ཞིང༌། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོ་དང་རྒྱ་ནག་དབར་གྱི་འབྲེལ་བ་ཡར་རྒྱས་
ཕྱིན་པ་རེད། ཿཿཞེས་བཀོད་ཡོད། ༡༩༨༡ལོའི་ཟླ་བ་བདུན་པའི་ཚེས་༢༧་ཉིན་པེ་ཅིང་དུ་རྒྱལ་ལོ་དོན་གྲུབ་དང་ཧུའུ་ཡའོ་
པང་མཇལ་འཕྲད་གནང་སྐབས༌། ཧུའུ་ཡའོ་པང་གིས་བོད་དོན་ཐག་གཅོད་ཆེད་དོན་ཚན་ལྔ་ཅན་ཞིག་ཕུལ་ཡོད་པ་རེད།
སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ཀྱིས་མཛད་པའི་མི་ཚེ་བྱུང་བ་བརྗོད་པ་ཞེས་པའི་ནང་བཀོད་དོན།
༡ ང་ཚོའི་རྒྱལ་ཁབ་གྱི་ཆབ་སྲིད་རྒྱུན་རིང་བརྟན་གནས་ཡོད་པ་དང༌། དཔལ་འབྱོར་ཡང་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། མི་རིགས་མཐུན་བསྒྲིལ་སྔར་ལས་ལྷག་པའི་ཐོག་ཕན་ཚུན་རོགས་རམ་གྱི་དུས་རབས་གསར་བ་ཞིག་ཆགས་ཡོད་པ་རེད། ཏཱ་ལའི་བླ་མ་དང༌། ཁོང་གི་རྗེས་འབྲངས་རྣམས་བློ་རིག་གསལ་བ་ཤ་སྟག་ལ་བརྟེན་དོན་ཚན་འདི་
ངེས་པར་དུ་ཡིད་ཆེས་གནང་གི་རེད། གལ་སྲིད་ཡིད་ཆེས་མ་གནང་ཚེ་ལོ་ཤས་གཟིགས་ན་འགྲིག་གི་རེད།
༢ ཏཱ་ལའི་བླ་མ་དང༌། ཁོང་གིས་ང་ཚོར་འབྲེལ་གཏུགས་ཆེད་བཏང་བའི་མི་སྣས་ངེས་པར་ལྷག་བསམ་རྣམ་དག་བྱེད་པ་
ལས་གབ་རེས་ཡིབ་རེས་མ་བྱེད། ཉོ་ཚོང་གི་བྱེད་སྟངས་མ་བྱེད། འདས་པའི་རྙོག་འཛིངས་ཡི་ལོ་རྒྱུས་དེའང་བསྐྱར་དུ་མ་བཤད། ༡༩༥༩ ལོའི་ལོ་རྒྱུས་དེ་ཚང་མས་བརྗེད་རྒྱུ་དང༌། རྩིས་མེད་བཏང་རྒྱུ།
༣ ང་ཚོས་ལྷག་བསམ་རྣམ་དག་གི་ཐོག་ནས་ཏཱ་ལའི་བླ་མ་དང༌། ཁོང་གི་རྗེས་འབྲངས་རྣམས་ཕྱིར་ལོག་ཕེབས་པའི་
དམིགས་ཡུལ་ནི་ཁོང་གིས་ང་ཚོ་རྒྱལ་ཁབ་གཅིག་གྱུར་རྒྱུན་འཁྱོངས་དང་བོད་མི་རིགས། མི་རིགས་ཁག་ཡོངས་རྫོགས་ཀྱི་མཐུན་བསྒྲིལ་གོང་འཕེལ་ཐོག་དེང་རབས་ཅན་བཞི་འཛུགས་བསྐྲུན་ཆེད་དུ་ལེགས་སྐྱེས་གནང་བར་དགའ་བསུ་ཞུ་གི་ཡོད།
༤ ཏཱ་ལའི་བླ་མ་ཕྱིར་ཕེབས་ནས་གཏན་བཞུགས་བྱས་པའི་རྗེས་སུ་ཆབ་སྲིད་ཀྱི་ཐོབ་ཐང་དང༌། འཚོ་བའི་གནས་བབ་ཐོབ་ཐང་དེ། ༡༩༥༩ལོའི་སྔོན་གྱི་ཐོབ་ཐང་དེ་འགྱུར་བ་མེད། ཏང་ཀྲུང་དབྱང་གི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་བསམ་འཆར་བཏོན་ནས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཨུ་ཡོན་ཀྲང་གཞོན་པ་གནང་རྒྱུ་དང༌། དེ་མཚུངས་གྲོས་མོལ་བྱས་ནས་ཆབ་སྲིད་གྲོས་ཚོགས་གྱི་ཀྲུའུ་ཞི་གཞོན་པའང་གནང་རྒྱུ། འཚོ་བའི་ཐད་སྔར་གྱི་ཐོབ་ཐང་དེ་འགྱུར་བ་མེད། འོན་ཀྱང་བོད་དུ་ཕྱིར་ཕེབས་གནང་དགོས་ཀྱི་མ་རེད། དེང་སང་བོད་ལ་ན་གཞོན་གྲས་ཡར་སླེབས་ཡོད་པ་རྣམས་ཀྱི་ལས་ཀ་ཡག་པོ་བྱེད་ཀྱི་ཡོད། འོན་ཀྱང་སྐབས་རེར་བོད་དུ་གཟིགས་བསྐོར་དུ་ཕེབས་ཆོག་གི་རེད། ང་ཚོས་ཁོང་
གི་རྗེས་འབྲངས་རྣམས་ལའང་འོས་ཤིང་འཚམས་པའི་བཀོད་སྒྲིག་བྱེད་ཀྱི་རེད། ལས་ཀའི་ནང་ཞུགས་སྟངས་དང༌། འཚོ་བ་བཅས་ལ་སེམས་ཁྲལ་བྱེད་དགོས་མ་རེད། དེ་སྔོན་ལས་ཡག་ཏུ་གཏོང་གི་རེད། གང་ཡིན་ཞེ་ན་ང་ཚོའི་རྒྱལ་ཁབ་འདི་
ཡར་རྒྱས་ཕྱིན་ཡོད་པ་རེད།
༥ ཏཱ་ལའི་བླ་མ་ག་དུས་ཕྱིར་ཕེབས་རྒྱུ་ཐུགས་གཏན་འཁེལ་མཚམས་ཕྱི་རོལ་ལ་གསལ་བསྒྲགས་ཐུང་ཙམ་ཞིག་གནང་རྒྱུ། གསལ་བསྒྲགས་ནང་དུ་ཁོང་གིས་ཐུགས་འདོད་ལྟར་གནང་རྒྱུ། ཁོང་ནས་ལོ་དང་ཟླ་ཚེས་བཅས་གཏན་འཁེལ་མཚམས་
ང་ཚོར་ལན་ཞིག་གནང་རོགས། གལ་སྲིད་ཧོང་ཀོང་བརྒྱུད་སྐམ་སར་ཕེབས་ཚེ་ང་ཚོས་པུའུ་ཀྲང་གི་གནས་རིམ་ཡོད་པ་
ཞིག་གིས་བློ་མཐུན་འགའ་ཤས་བཅས་འཁྲིད་ནས་ས་མཚམས་སུ་དགའ་བསུ་ཞུ་རྒྱུ། གལ་སྲིད་གནམ་ཐོག་ནས་ཕེབས་ཚེ་ང་ཚོས་རྩ་འཛུགས་གཞི་ཁྱོན་ངེས་ཅན་གྱིས་དགའ་བསུ་ཞུ་རྒྱུ། གནས་ཚུལ་ཞིག་ཀྱང་གསལ་བསྒྲགས་བྱ་རྒྱུ་ཡིན། གོང་
གསལ་དོན་ཚན་ལྔ་ཅན་གྱི་ཡིག་གེ་འདི་རྒྱ་ནག་གཞུང་དང༌། ཏཱ་ལའི་བླ་འམ་བཙན་བྱོལ་བོད་གཞུང་གི་ཕྱོགས་གཉིས་ནས་གསང་ཉར་བྱས་ནས་ཕྱིར་བསྒྲགས་བྱས་མེད། ༡༩༨༤ ལོའི་ཟླ་བ་༡༡་ཚེས་༢༩་ཉི་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་
སྤེལ་ཁང་གི་ཕྱིར་བསྒྲགས་བྱས། གོང་གསལ་གྱི་དོན་ཚན་ལྔ་དེའི་ནང་རྒྱ་ནག་གཞུང་གིས་བོད་གྱི་གནད་དོན་ནི་ཏཱ་ལའི་བླ་མའི་གནད་དོན་ཁོ་ནར་ངོས་འཛིན་བྱས་ཡོད་པ་ལས། བོད་མི་མང་ཀྱི་བདེ་སྡུག་སྐོར་ཅི་ཡང་གླེང་མེད་པ་དང༌། ལྷག་པར་དུ་གོང་ས་ཏཱ་ལའི་བླ་མར་དབུས་གཞུང་གི་དབང་ཚད་མེད་པའི་གོ་གནས་ཞིག་ཕུལ་ནས༌། ཐ་ན་བོད་དུ་སྡོད་མི་ཆོག་པའི་ཆ་རྐྱེན་བཏོན་ཡོད་པ་རེད། རྒྱ་ནག་གཞུང་ཕྱོགས་ནས་ཏཱ་ལའི་བླ་མ་ནི་བོད་ཀྱི་གནད་དོན་གྱི་རྩ་བ་ཡིན་པ་ངོས་འཛིན་བྱས་ཡོད་པ་
མ་ཟད། ཏཱ་ལའི་བླ་མས་གང་ཐག་གཅོད་བྱས་པ་དེར་བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ཀྱིས་ཁས་ལེན་བྱེད་པའི་གནད་འགག་དེ་ཡང་གསལ་བོར་མཐོང་ནས། ཏཱ་ལའི་བླ་མའི་གནད་དོན་ཐག་གཅོད་བྱས་པ་ཡིན་ན གནད་དོན་གཞན་རྣམས་
ཐག་གཅོད་རྒྱུར་་དཀའ་ངལ་ཆེན་པོ་མེད་པར་ངོས་འཛིན་བྱས་ཡོད་པ་རེད། གོང་ས་ཏཱ་ལའི་བླ་མ་མཆོག་གིས་རྒྱ་ནག་གཞུང་གི་ཆ་རྐྱེན་དེ་ངོས་ལེན་མ་བྱས་པ་མ་ཟད། ཿཿ རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་འདི་ཏཱ་ལའི་བླ་མ་གང་ཟག་སྒེར་གྱི་
གནད་དོན་ཞིག་ཏུ་བརྩི་གི་ཡོད་པ་རེད། བོད་གྱི་གནད་དོན་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཞིག་གི་གནད་དོན་ཡིན་པས། བོད་མི་རིགས་ཀྱི་བདེ་སྡུག་གི་གནད་དོན་འདི་བོད་མི་ས་ཡ་དྲུག་གིས་ཐག་གཅོད་བྱེད་དགོས་ཡོད༌། ཿཿ ཞེས་གསུངས་ནས་རྒྱ་ནག་གཞུང་གིས་ཆ་རྐྱེན་བཏོན་པ་རྣམས་ངོས་ལེན་བྱས་མེད་པ་རེད།
ཏྭ་ལའི་བླ་མའི་གྲོས་མོལ་སྐུ་ཚབ་ཚོགས་པ་པེ་ཅིང་དུ་ཕེབས་པ།
༡༩༨༢ ལོར་ཕྱི་ཟླ་བཞི་བའི་ནང་གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་པེ་ཅིང་དུ་གྲོས་མོལ་སྐུ་ཚབ་ཚོགས་པ་ཞིག་བཏང་བ་དེའི་ཁོངས་སུ་སྐབས་དེའི་བདེ་སྲུང་བཀའ་བློན་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་དང༌། ཆོས་དོན་བཀའ་བློན་འཇུ་ཆེན་ཐུབ་
སྟན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་རྒྱ་རི་བློ་གྲོས་རྒྱལ་མཚན་བཅས་མི་གསུམ་ལོ་དེའི་ཟླ་བ་བཞི་བའི་
ནང་པེ་ཅིན་ལ་ཕེབས་ནས་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་དབྱང་ཆིན་རིནདང༌། འགན་འཛིན་གཞོན་པ་ལི་
ཀའེ། ཅང་ཕིང༌། མི་རིགས་ལས་དོན་ཁང་གི་ཀྲུའུ་རིན་གཞོན་པ་ཞུའུ་ཅན་ཧྭ་བཅས་ལ་མཇལ་འཕྲད་ཀྱིས་བོད་ཆོལ་ཁ་
གསུམ་གཅིག་ཏུ་སྒྲིལ་བའི་རང་སྐྱོང་གནས་བབས་སྟེ། ཐའེཝན་གྱི་གནས་བབས་ཐག་གཅོད་བྱེད་རྒྱུའི་སྲིད་ཇུས་རྒྱལ་ཁབ་
གཅིག་ལ་ལམ་ལུགས་གཉིས་གྱི་སྲིད་ཇུས་དེས་བོད་གྱི་གནད་དོན་ཐག་གཅོད་བྱེད་པའི་རེ་བ་བཏོན་ཡོད་པ་རེད། ཡིན་ནའང་རྒྱ་ནག་ཕྱོགས་ནས་བཙན་བྱོལ་བོད་གཞུང་གི་རེ་བ་དེ་ལ་ལན་འདེབས་གང་ཡང་མ་བྱས་པར༌། དེ་སྔོན་ཧུའུ་ཡའོ་པང་གིས་གྲོས་འཆར་དོན་ཚན་ལྔ་བཏོན་པ་དེ་ལས་གཡོ་ཟུར་ཙམ་ཡང་མ་བྱས་པས། རྒྱ་བོད་གཉིས་ཀྱི་གྲོས་མོལ་དེ་གྲུབ་འབྲས་གང་ཡང་མ་ཐོན། དེ་ནས་ལོ་ངོ་ཁ་ཤས་རིང་ཕྱོགས་གཉིས་ཀྱིས་རང་རང་གི་ལྟ་བ་མཁྲེགས་བཟུང་བྱས་ནས་བསྡད་ཡོད་པ་རེད།
༡༩༨༤ལོའི་ཟླ་བ་གཉིས་ཚེས་ ༢༧ ནས་ཟླ་བ་གསུམ་པའི་ཚེས ༦ བར་སྐབས་དེའི་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཧྲུའུ་
ཅི་ཧུའུ་ཡའོ་པང་དབུ་བཞུགས་ཀྱིས་པེ་ཅིན་ཏུ་བོད་ཀྱི་ལས་དོན་སྐོར་གྱི་གྲོས་མོལ་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ་
དང༌། ཚོགས་འདུ་དེའི་ཐོག་བོད་རང་སྐྱོང་ལྗོངས་ནང་གི་དཔལ་འབྱོར་གནད་དོན་ཐད་བགྲོ་གླེང་བྱས་ཡོད་པ་རེད། དེ་
ཡང་དཔལ་འབྱོར་ལམ་ལུགས་བསྒྱུར་བཅོས་དང་མཉམ་དུ་གུང་ཁྲན་ཏང་གི་སྲིད་དབང་མུ་མཐུད་གནས་ཐུབ་པའི་ཐབས་
ལམ་ཆེད་གླེང་མོལ་བྱས་ཡོད་པ་མ་ཟད། ༡༩༨༥ལོར་བོད་རང་སྐྱོང་ལྗོངས་སྲིད་གཞུང་བཙུགས་ནས་ལོ་ཉི་ཤུ་འཁོར་རྟེན་འབྲེལ་མཛད་སྒོའི་སྐོར་གྱི་འཆར་གཞི་བཏིང་ཡོད་པ་རེད། བོད་ཀྱི་ལས་དོན་སྐོར་གྱི་གྲོས་མོལ་ཚོགས་དེའི་ཐོག་ཏྭ་ལའི་བླ་མ་དང་བཙན་བྱོལ་བོད་གཞུང་སྐོར་གླེང་ཙམ་ཡང་བྱས་མེད།
༡༩༨༤ལོར་ཟླ་བ་བཅུ་བའི་ནང་གོང་གསལ་མི་གསུམ་བསྐྱར་དུ་རྒྱ་ནག་ཏུ་ཕེབས་ནས་འཐབ་ཕྱོགས་གཅིག་གྱུར་ཁང་གི་
དཔོན་རིགས་ཁག་དང་མཇལ་འཕྲད་གནང་ནས། ཁོང་ཚོས་གོང་ས་ཏྭ་ལའི་བླ་མ་༡༩༨༥ ལོར་བོད་ནང་གཟིགས་བསྐོར་དུ་ཕེབས་རྒྱུའི་དགོངས་གཞི་ཡོད་པ་དང༌། ཁོང་དང་མཉམ་དུ་ཕྱི་རྒྱལ་གྱི་གསར་འགོད་པ་ཁ་ཤས་མཉམ་ཁྲིད་བྱས་ཆོག་པའི་
རེ་བ་བཏོན་པར། རྒྱ་ནག་ཕྱོགས་ནས་ཏྭ་ལའི་བླ་མ་བོད་ནང་ཕེབས་ཆོག་མོད་གསར་འགོད་པ་ཁ་ཤས་མཉམ་དུ་ཁྲིད་རྒྱུ་ཁས་ལེན་བྱས་མེད་པ་རེད།
གོང་ས་ཏཱ་ལའི་བླ་མས་བཏོན་པའི་བོད་རྒྱ་གྲོས་མོལ་གྱི་ཞི་བའི་སྔོན་འགྲོའི་གྲོས་འཆར་དོན་ཚན་ལྔ།
གོང་ས་ཏ་ལའི་བླ་མ་མཆོག་གིས་༡༩༨༧ ལོའི་ཟླ་བ་༩་བའི་ཚེས ༢༡ ཉིན་ཨ་རིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་
ཚོགས་ཆུང་གི་ལྷན་ཚོགས་ཐོག་ཏུ་བོད་རྒྱ་གྲོས་མོལ་གྱི་ཞི་བའི་སྔོན་འགྲོའི་གྲོས་འཆར་དོན་ཚན་ལྔ་བཏོན་ཡོད་པ་ནི།
༡ བོད་ས་ཡོངས་ཞི་བའི་བསྟི་གནས་ཤིག་ཏུ་བསྒྱུར་རྒྱུ། །
༢ རྒྱ་མི་འབོར་ཆེན་བོད་ནང་དུ་གནས་སྤོར་བྱེད་པའི་རྒྱ་ནག་གི་སྲིད་ཇུས་དེའི་རྐྱེན་པས་བོད་མིའི་ངོ་བོ་ རྩ་བརླག་ཏུ་འགྲོ་
རྒྱུའི་ཉེན་ཁ་ཡོད་པ་དེ་དག་ མཚམས་འཇོག་དགོས་རྒྱུ།
༣ བོད་མི་དམངས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང༌། དམངས་གཙོའི་རང་དབང་ལ་བརྩི་བཀུར་དགོས་རྒྱུ།
༤ བོད་ཀྱི་རང་བཞིན་འབྱུང་ཁམས་ཀྱི་ཁོར་ཡུག་བཟང་པོའི་གནས་སྟངས་སྔར་སོར་ཆུད་ཐབས་དང༌། སྲུང་སྐྱོབ་བྱེད་དགོས་པའི་ཐོག་བོད་ནང་རྒྱ་ ནག་གི་རྡུལ་ཕྲན་མཚོན་ཆ་བཟོ་བསྐྲུན་བྱེད་པ་དང༌། རྡུལ་ཕྲན་གྱི་སྙིགས་རོ་རྣམས་ཕུང་གསོག་བྱེད་འཆར་བཅས་མཚམས་འཇོག་དགོས་རྒྱུ།
༥ བོད་ཀྱི་མ་འོངས་པའི་གནས་བབ་དང༌། བོད་དང་རྒྱ་ནག་དབར་གྱི་འབྲེལ་བའི་སྐོར་ལ་ལྷག་བསམ་རྣམ་དག་གི་སྒོ་ནས་གྲོས་མོལ་འགོ་བཙུགས་དགོས་རྒྱུ། གོང་ས་ཏཱ་ལའི་བླ་མས་གོང་གསལ་གྲོས་འཆར་དོན་ཚན་ལྔ་གསལ་བསྒྲགས་བྱས་ནས་
ཉིན་བཞི་རྗེས་སུ་བོད་ཀྱི་རྒྱལ་ས་ལྷ་ས་རུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ཞི་བའི་རྔམ་སྟོན་ཁྲོམ་བསྐོར་ཐོག་མ་བྱས་པ་དང༌། དེ་
ཡང་༡༩༨༧ ལོའི་ཟླ ༩ ཚེས ༢༧ ཉིན་འབྲས་སྤུངས་དགོན་པའི་གྲྭ་བ ༢༡ དང༌། མི་སྐྱ་ལྔ་དྲུག་ཙམ་གྱི་སྣེ་ཁྲིད་དེ་མི་
གྲངས ༧༠ ལྷག་གིས་ལྷ་སའི་བར་སྐོར་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་བསྐོར་བྱས་ཡོད་པ་དང༌། ཉེན་རྟོག་པས་གྲྭ་བ ༢༡ དང་མི་སྐྱ ༥ འཛིན་བཟུང་བྱས། པན་ཆེཎ་རིན་པོ་ཆེ་མཆོག་གིས་རྒྱ་ནག་གཞུང་ལ་འཛིན་བཟུང་བྱས་པའི་
གྲྭ་བ་རྣམས་ལྷོད་གྲོལ་གཏོང་དགོས་པའི་རེ་བསྐུལ་བྱས་པ་བཞིན་གྲྭ་བ་རྣམས་ ༡༩༨༨ ལོའི་ཟླ་བ་ ༡ པོའི་ལྷོད་གྲོལ་
བཏང་ཡོད་པ་རེད།
༡༩༨༧ ལོའི་ཟླ་ ༡༠ ཚེས ༡ ཉིན་སེ་ར་དང་གནས་ཆུང་དགོན་པའི་གྲྭ་བ་ ༣༠ དང་མི་སྐྱ ༣༠ ཙམ་གྱིས་ཟླ་ ༩ ཚེས ༢༧
ཉིན་འཛིན་བཟུང་བྱས་པའི་མི་རྣམས་ལྷོད་གྲོལ་གཏོང་དགོས་ཞེས་རྔམ་སྟོན་ཁྲོམ་བསྐོར་བྱེད་སྐབས། རྒྱའི་ཉེན་རྟོག་་པས་མི་སྐྱ་ལྔ་ལ་བར་བསྐོར་ནང་ཉེས་རྡུང་ཚད་མེད་བཏང་ཏེ་ཉེན་རྟོན་ཁང་དུ་ཁྲིད་པས། བོད་མི་ ༢༠༠༠ ལྷག་ཉེན་རྟོག་
ཁང་གི་སྒོ་ཁར་འཛོམས་ཏེ་མི་དེ་རྣམས་ལྷོད་གྲོལ་གཏོང་དགོས་ཞེས་སྐད་འབོད་བྱས་ནས་དུས་ཚོད་གཅིག་གིས་རྗེས་སུ། རྒྱའི་ཉེན་རྟོགས་པས་མེ་མདའ་རྒྱག་འགོ་ཚུགས་པར་བརྟེན། བོད་མི་རྣམས་ཀྱིས་རྡོ་གཡུགས་ཏེ་ཕན་ཚུན་འཁྲུག་འཛིང་
བྱེད་འགོ་ཚུགས་པ་དང༌། སྐབས་དེར་བུད་མེད་ཞིག་མདུན་དུ་མཆོངས་ནས་ཉེན་རྟོག་པའི་རླངས་འཁོར་གྱི་སྒེའུ་ཁུང་ཆག།
ཉེན་རྟོག་པས་ཁྲོམ་བསྐོར་བ་རྣམས་ལ་མེ་མདའ་རྒྱབ་པར་བརྟེན། བོད་མི་རྣམས་ཁོང་ཁྲོ་ལངས་ཏེ་ཉེན་རྟོག་ལས་ཁུངས་མེ་བསྲེགས་བཏང་བ་དང༌། ཉེན་རྟོག་པས་མེ་མདའ་རྒྱབ་ཏེ་ཕྲུ་གུ་ཐེ་བའི་བོད་མི ༨ དམར་གསོད་བཏང་བ་དང༌། མི་གྲངས་ ༥༠ ལྷག་ལ་རྨས་སྐྱོན་བྱུང༌། དོན་རྐྱེན་བྱུང་ནས་སྐར་མ་ཉི་ཤུ་ཙམ་གྱི་རྗེས་སུ་ལྷ་ས་ཡི་ཁ་པར་དང༌། གློག་འཕྲིན་སོགས་
བཅད་དེ་ཕྱི་ཕྱོགས་ལ་འབྲེལ་བ་བྱེད་མི་ཐུབ་པ་བཟོས་པ་མ་ཟད༌། ཕྱི་རྒྱལ་གྱི་ཡུལ་བསྐོར་སྤྲོ་འཆམ་པ་རྣམས་ལྷ་ས་ནས་
ཕྱིར་འབུད་བཏང༌། སྐབས་དེ་ནས་བཟུང་བོད་ཀྱི་ས་ཁུལ་གང་སར་བོད་མི་རྣམས་ཀྱིས་བོད་རང་བཙན་བརྩོན་ལེན་གྱི་ལས་འགུལ་རབ་དང་རིམ་པ་མང་པོ་སྤེལ་ཡོད་པ་རེད། རྒྱ་ནག་གཞུང་ཕྱོགས་ནས་གོང་ས་ཏཱ་ལའི་བླ་མའི་གྲོས་འཆར་ངོས་ལེན་མ་བྱས་མ་ཟད། བོད་ནང་ཁྲོམ་བསྐོར་བྱས་པ་དེ་ནི་ཏཱ་ལའི་རུ་ཚོགས་གྱི་ངན་སྐུལ་དང་བྱུས་འགོད་བྱས་པ་རེད་ཞེས་ཉེས་
འཛུགས་བྱས་ནས་རྒྱ་ནག་གཞུང་གིས་མི་འདོད་པའི་རྣམ་འགྱུར་བསྟན་ཡོད་པ་༡༩༨༧ཟླ་བ་༡༠ པའི་ཚེས་༡༧་ཉིན་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགན་འཛིན་ཡན་མིང་ཕུ་ཡིས་བཙན་བྱོལ་བོད་གཞུང་ལ་བཏང་བའི་ཚིག་ཐོའི་ནང༌།
ཿཿ འདི་ལོའི་ཟླ་བ ༩ བའི་ཚེས ༡༩ ཉི་ཏ་ལའི་བླ་མ་ཨ་རིར་ཕེབས་ནས་ཚེས་༢༡ ཉིན་ཨ་རིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ལྷན་ཚོགས་ཐོག་མངོན་གསལ་དོད་པོས། བོད་རང་བཙན་འུད་སྒྲོག་བྱེད་པའི་གྲོས་འཆར་དོན་ཚན་ལྔ་འདོན་ཡོད། ཟླ་བ་དགུ་བའི་ཚེས་༢༧་དང་ཟླ་བ་༡༠་ཚེས་༡ ཉིན་དེ་དང་བསྟུན་ནས་གྲོང་ཁྱེར་ལྷ་སར་ཁ་བྲལ་གྱི་བྱ་སྤྱོད་དང་གཞོགས་འདེགས་ཀྱིས་ཆེད་མངགས་ཟིང་ཆ་བསླངས་པ་རེད།ཿཿ ཞེས་བཀོད་ཡོད་པས་ཏ་ལའི་བླ་མས་ཨ་རིའི་གྲོས་ཚོགས་ནང་བཏོན་པའི་གྲོས་འཆར་དེར་ཡ་ལན་བྱེད་རྒྱུ་ཕར་ཞོག བོད་ནང་རང་བཙན་བརྩོན་ལེན་གྱི་ཞི་བའི་རྔམ་སྟོན་ཁྲོམ་བསྐོར་བྱས་པ་དེ་ཏ་ལའི་བླ་མས་ངན་སྐུལ་ཡིན་པར་ཁ་གཡོགས་བྱས། བོད་ཀྱི་འཕོ་འགྱུར་རླབས་པོ་ཆེ་ཞེས་པའི་དེབ་དེའི་ཤོག་
ངོས་༡༢་བར། ང་ཕོད་ལགས་ཀྱིས། ཿཿ ༡༩༨༧ལོ་ནས་བཟུང་ཕྱི་རྒྱལ་དུ་ཡུལ་གྱར་བསྡད་ཡོད་པའི་ཁ་བྲལ་རིང་ལུགས་
ཚོགས་པའི་ངན་སྐུལ་འོག་ལྷ་སར་ཟིང་འཁྲུག་ཐེངས་མང་བསླངས་ནས་རྒྱལ་ཁབ་དང་མི་དམངས་ཀྱི་རྒྱུ་དངོས་དང་ཚེ་སྲོག་ལ་གྱོང་གུད་ཚབས་ཆེན་བཟོས། ཿཿཞེས་བཀོད་ཡོད་པ་རེད། བོད་ཀྱི་རྒྱལ་ས་ལྷ་ས་གཙོས་པའི་བོད་ཀྱི་ས་ཁུལ་གང་མང་ཞིག་དུ་བོད་རང་བཙན་གྱི་ལས་འགུལ་རབ་དང་རིམ་པ་སྤེལ་བར་བརྟེན་རྒྱལ་སྤྱིའི་གསར་ལམ་ཁག་གིས་དོ་སྣང་ཆེན་པོ་བྱུང་དང་མཉམ་དུ་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་སྟེང་དོ་སྣང་བྱེད་འགོ་ཚུགས་པ་རེད། གོང་ས་ཏ་ལའི་བླ་མའི་གྲོས་འཆར་ལ་རྒྱ་
ནག་གཞུང་གིས་ཐད་ཀར་ལན་འདེབས་གང་ཡང་བྱས་མེད་ཀྱང། ༡༨༨༧་ལོའི་ཟླ་བ ༡༠ ཚེས ༦ ཉིན་པེ་ཅིན་བསྐྱར་ཞིབ་
ཞེས་པའི་དུས་དེབ་ནང། ཏ་ལའི་བླ་མས་གཞི་འཛིན་ས་མེད་པའི་བོད་རང་བཙན་ཞེས་པ་ཞིག་བརྩོན་ལེན་བྱེད་གི་ཡོད་པ་
རེད། བོད་མི་རྣམས་ལ་དམངས་གཙོ་རང་དབང་འདི་འདྲ་སྔོན་ཆད་ཐོབ་མྱོང་མེད་པ་དེ་རྫུན་གཏམ་བཤད་ནས་བཟོ་བཅོས་
བྱེད་ཐུབ་པ་ཞིག་མ་རེད། རྒྱ་ནག་དང་བོད་ནང་གི་མི་མང་ཚོས་ཏ་ལའི་བླ་མར་ངོ་རྒོལ་བྱེད་གི་ཡོད་པ་རེད། ཞེས་བཀོད་ནས་གོང་ས་ཏ་ལའི་བླ་མ་མཆོག་གིས་བཏོན་པའི་གྲོས་འཆར་སྣང་མེད་ངང་བཞག་པ་རེད།
བོད་དོན་རྒྱལ་སྤྱིའི་ཅན་དུ་་གྱུར་བ་དང་རྒྱ་ནག་གཞུང་གི་མཁྲེགས་འཛིན་ལྟ་བ།
རྒྱལ་སྤྱིའི་སྟེང་བོད་དོན་ཐད་དོ་སྣང་ཤུགས་ཆེན་བྱུང་བ་དང་མཉམ་དུ་རྒྱ་ནག་གཞུང་གི་སེམས་ཁྲལ་ཀྱང་ཇེ་ཆེར་ཕྱིན།
༡༩༨༨ལོའི་ཟླ་བ་༦ ཚེས་༡༨་ཉིན་གོང་ས་མཆོག་གིས་སི་ཏྲས་སི་སྦག་ཏུ་ཡོ་རོབ་གྲོས་ཚོགས་ནང་གསུངས་བཤད་ཅིག་
གནང་ནས་ཨ་རིའི་གྲོས་ཚོགས་ནང་རྒྱ་ནག་དང་མཉམ་དུ་གྲོས་མོལ་བྱེད་རྒྱུ་སྔོན་གྲོས་འཆར་དོན་ཚན་ལྔ་བཏོན་པ་དེ་བསྐྱར་དུ་འགྲེལ་བཤད་བྱས་ནས། བོད་ཆོལ་གསུམ་གཅིག་ཏུ་སྒྲིལ་པའི་ཆེས་མཐའི་རང་སྐྱོང་གི་གནས་བབས་བརྩོན་ལེན་བྱེད་གི་ཡོད་པ་གསལ་བསྒྲགས་བྱས་ཏེ། གྲོས་ཚོགས་ཀྱི་འཐུས་མི་རྣམས་དང༌། རྒྱལ་སྤྱིའི་སྟེང་གྲོས་འཆར་དེ་རྒྱབ་སྐྱོར་ཡོང་
བའི་འབོད་སྐུལ་བྱས་པ་རེད། ཡིན་ནའང། གོང་ས་ཏ་ལའི་བླ་མས་ནན་བཤད་བྱས་དོན་ལ། ཿཿ རྒྱ་ནག་དང་གྲོས་མོལ་བྱས་པར་འབྲས་བུ་གང་འདྲ་ཞིག་ཡོང་མིན་ལ་མ་བལྟོས་པར་མཐའ་མའི་ཐག་གཅོད་བྱ་རྒྱུའི་དབང་ཆ་དེ་བོད་མི་མང་རང་ལ་ཡོད།ཿཿ ཞེས་གསུངས་ཡོད་པ་རེད། གོང་སཏ་ལའི་བླ་མའི་གྲོས་འཆར་འདི་ལ་བོད་ཀྱི་གཞོན་སྐྱེས་ཁག་གཅིག་མ་དགའ་བའི་རྣམ་འགྱུར་བསྟན་ཡོད་ནའང༌། བོད་མི་རྣམས་ཀྱིས་ཏ་ལའི་བླ་མར་ཡིད་ཆེས་བརྟན་པོ་དང། ཅི་གསུངས་བཀའ་བཞིན་སྒྲུབ་ཀྱི་ཡིན་ཞེས་པའི་རྩ་ཚིག་འདིས་གཞོན་སྐྱེས་ཁག་ཅིག་གིས་གོང་ས་ཏ་ལའི་བླ་མའི་གྲོས་འཆར་ལ་ངོ་རྒོལ་བྱས་ཀྱང་
ནུས་པ་གང་ཡང་ཐོན་མེད། ༡༩༨༨ ལོའི་ཟླ་བ་༩ཚེས་༢༣་ཉིན་རྒྱ་ནག་གཞུང་གིས་༧གོང་ས་མཆོག་སྐུ་སྒེར་ལ་བཀའ་
མོལ་བྱེད་འདོད་པའི་ཡོད་པའི་ལན་བརྡ་ཞིག་སྤྲད་ནས་ཏཱ་ལའི་བླ་མས་གྲོས་མོལ་བྱེད་སའི་གནས་དང་དུས་ཚོད་གཏན་
འབེབས་བྱེད་རོགས་ཞེས་རྒྱ་ནག་གཞུང་གིས་གསལ་བསྒྲགས་བྱས་ནས་ཟླ་བ་གཅིག་གི་རྗེས་ཏེ། ཟླ་བ་༡༠་ཚེས་༢༥་ཉིན་
གོང་ས་ཏ་ལའི་བླ་མས་༡༩༨༩ལོའི་ཟླ་བ་དང་པོ་ནང་སིད་སིའི་གྲོང་ཁྱེར་འཇུ་ནེ་ཝར་གྲོས་མོལ་ཡོང་བའི་གསལ་བསྒྲགས་
བྱས་པ་དང༌། རྒྱ་ནག་གཞུང་གིས་ཏ་ལའི་བླ་མའི་སྐུ་ཚབ་ཁོངས་ཕྱི་རྒྱལ་མི་སྣ་ཞུགས་མི་ཆོག་དང༌། གྲོས་མོལ་བྱེད་སའི་ས་གནས་ཀྱི་རྙོག་གླེང་ཞིག་གིས་གྲོས་མོལ་དེ་དོན་སྨིན་བྱུང་མེད།
༡༩༨༩ལོར་གོང་ས་ཏ་ལའི་བླ་མ་མཆོག་ལ་ནོར་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་ནས། རྒྱལ་སྤྱིའི་སྟེང་གོང་ས་ཏ་ལའི་
བླ་མར་བརྩིབཀུར་དང༌། བོད་དོན་ཐད་དོ་སྣང་ཆེན་པོ་བྱུང༌། གོང་ས་ཏཱ་ལའི་བླ་མའམ་བཙན་བྱོལ་བོད་གཞུང་གིས་ཕྱོགས་ནས་རྒྱ་ནག་གཞུང་ལ་ཐད་ཀར་འབྲེལ་བ་བྱེད་ཐབས་མེད་ཡིད་ཆེས་ངེས་རྙེད་བྱུང་ནས་རྒྱ་ནག་གཞུང་གིས་བོད་ཐོག་ལ་
འཛིན་པའི་སྲིད་ཇུས་ལ་སྐྱོན་བརྗོད་དང་འབྲེལ་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་ནང་ཁྱབ་བསྒྲགས་ཤུགས་ཆེན་བྱེད་འགོ་
ཚུགས། ༡༩༩༡ ལོའི་གསུམ་བཅུ་དུས་དྲན་གྱི་གསུང་འཕྲིན་ནང་སི་ཏྲས་སི་སྤག་ཏུ་བཏོན་པའི་གྲོས་འཆར་དེ་བརྩི་མེད་
གཏོང་རྒྱུ་ཡིན་ལུགས་གསལ་བསྒྲགས་བྱས་ཡོད་པ་རེད།
༡༩༩༡ ལོའི་ཟླ་བ་བཞི་བའི་ཚེས ༡༧ ཉིན་གོང་ས་ཏཱ་ལའི་བླ་མ་དངཨ་རིའི་སྲིད་བློན་འཇོར་འཇི་སྦུའུ་ཤི་རྣམ་གཉིས་
མཇལ་འཕྲད་གནང༌། ༡༩༩༡ལོའི་ཟླ་བ་བཅུ་གཉིས་པའི་ཚེས་༢་ཉིན་དབྱིན་ཇུའི་སྲིད་འཇོར་མེ་འཇོར་ལ་མཇལ་འཕྲད་
གནང་ཡོད་པ་རེད། དེ་ནས་བཟུང་གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་ཁབ་གང་འདྲ་ཞིག་ལ་ཕེབས་ནའང༌། ཡུལ་དེའི་སྲིད་འཛིན་དང་སྲིད་བློན་ལ་མཇལ་འཕྲད་གནང་ནས་བོད་དོན་སྐོརགློང་སླེང་བྱེད་བཞིན་ཡོད་པ་དང༌། འཛམ་གླིང་རྒྱལ་ཁབ་ཁག་གི་མགོ་ཁྲིད་ཕལ་ཆེ་བ་རྒྱ་ནག་ཏུ་རྒྱལ་དོན་འཚམ་འདྲི་གཟིགས་བསྐོར་ལ་ཕེབས་སྐབས་རྒྱ་ནག་གི་འགོ་ཁྲིད་ཚོ་མཉམ་དུ་བོད་དོན་སྐོར་གླེང་སློང་བྱེད་ཀྱི་ཡོད་ནའང་ནུས་པ་མངོན་གསལ་ཞིག་ཐོན་ཐུབ་ཀྱི་མེད།
གོང་ས་མཆོག་གི་སྐུ་ཚབ་སྐྱར་དུ་པེ་ཅིང་ལ་ཕེབས་པ།
༡༩༩༣ ལོའི་ཟླ་བ་བདུན་པའི་ཚེས་ ༡༢ ནས་ཚེས ༡༨ བར་སྐབས་དེའི་བཙན་བྱོལ་བོད་གཞུང་གི་བཀའ་བློན་རྒྱལ་ལོ་དོན་གྲུབ་དང༌། ཆབ་སྲིད་དྲུང་ཆེ་བསོད་ནམས་སྟོབས་རྒྱལ་གཉིས་རྒྱ་ནག་ཏུ་ཕེབས་ཡོད་པ་དང༌། ཁོང་གཉིས་ཕེབས་དོན་གཙོ་
བོ་ནི་གོང་ས་མཆོག་གི་ཕྱག་ཡིག་ཞིག་རྒྱ་ནག་གི་འགོ་ཁྲིད་ཏིང་ཞའོ་ཕིན་དང༌། ཅང་ཙེ་མིན་ལ་གནང་བ་དེ་འབུལ་ཆེད་
ཕེབས་ཡོད་པ་རེད། སྐུ་ཚབ་རྣམ་གཉིས་རྒྱ་ནག་ལ་ཕེབས་ནས་ནང་མོལ་བྱས་པའི་མཐའ་འབྲས་སུ། རྒྱ་ནག་དང་མཉམ་དུ་གྲོལ་མོལ་བྱེད་རྒྱུར་རེ་བ་མེད་པ་ལྟ་བུ་མཐོང་ནས། ལོ་དེའི་ཟླ་བ་དགུ་བའི་ཚེས་༤་ཉིན་གོང་ས་མཆོག་གིས་ཡོངས་ཁྱབ་
གསར་འགོད་གསལ་བསྒྲགས་ཞིག་དང་མཉམ་དུ། ༡༩༩༢་ཟླ་བ་ ༩་བའི་ཚེས་༡༡ བཀོད་པའི་རྒྱ་ནག་འགོ་ཁྲིད་ཏིང་ཞའོ་ཕིང་དང༌། ཅང་ཙེ་མིན་ལ་གནང་པའི་ཕྱག་བྲིས་ཞིག་དང༌། དྲན་ཐོ་དོན་ཚན་བཅུ་གསུམ། ༡༩༨༡ ལོའི་ཟླ་བ་ ༣་ཚེས་༢༣ ་ཉིན་རྒྱ་ནག་འགོ་ཁྲིད་ཏིང་ཞའོ་ཕིང་ལ་གནང་བའི་ཕྱག་བྲིས། ༡༩༨༧ལོའི་ཟླ་བ་ ༡༠ ཚེས་༡༧་བཀོད་པའི་རྒྱ་ནག་འཐབ་
ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་འགན་འཛིན་ཡན་མིང་ཕུ་ཡིས་བཙན་བྱོལ་བོད་གཞུང་ལ་གནང་བའི་ཚིག་ཐོ་བཅས་ཡོངས་ཁྱབ་འགྲེམས་སྤེལ་བྱས་ཡོད་པ་རེད། གསར་འགོད་གསལ་བསྒྲགས་དེའི་ནང་བཀོད་དོན། ཿཿ རྒྱ་ནག་གིས་གོང་གསལ་ཡི་གེ་དེ་ཚོར་དོན་ཕན་ལྡན་པའི་ལས་འདེབས་གང་ཡང་བྱས་མ་སོང༌།ཿཿ ཞེས་བློ་ཕམ་ངང་རྒྱ་ནག་གཞུང་གིས་བོད་ནང་རྒྱ་མི་འབོར་ཆེན་གནས་སྤོར་བྱེད་པའི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པར་སྐྱོན་བརྗོད་བྱས་པ་དང་འབྲེལ། ཿཿ སྔོན་འགྲོ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གྲོས་བསྡུར་འགོ་འཛུགས་དུས་འགྱངས་མེད་པ་བྱེད་དགོས་ཞེས་ངས་སྐུལ་མ་བྱེད་རྒྱུ་
ཡིན།ཿཿ ཞེས་གོང་ས་མཆོག་གིས་འབོད་སྐུལ་གནང་བ་དེ་ལ་རྒྱ་ནག་གཞུང་ཕྱོགས་ནས་་དགེ་ཕྱོགས་ཀྱི་ལན་འདེབས་གང་ཡང་མ་བྱ་ས་པར་བོད་ནང་དུ་སྔར་ལས་ལྷག་པའི་དྲག་གནོན་་དང་དམ་དྲག་གི་སྲིད་ཇུས་ལག་བསྟར་བྱེད་རྒྱུ་ཤུགས་ཆེ་རུ་བཏང༌།
བོད་ནང་དམ་དྲག་དང་དྲག་གནོན།
༡༩༩༤ ལོའི་ཟླ་བ་བདུན་པའི་ཚེས ༢༠ ནས་ ༢༣ བར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བོད་ཀྱི་ལས་དོན་སྐོར་གྱི་གྲོས་མོལ་
ཚོགས་འདུ་ཐེངས་གསུམ་པ་དེ་འཚོགས་ནས་བོད་ནང་དུ་དམ་དྲག་གི་སྲིད་ཇུས་ལག་བསྟར་བྱེད་རྒྱུ་ཡིན་པ་ཐག་གཅོད་བྱས་ཡོད་པ་རེད། ལོ་དེའི་ཟླ་བ་དགུ་བའི་ཚེས་ ༥ ཉིན་བོད་རང་སྐྱོང་ལྗོང་སྐབས་དྲུག་པའི་རྒྱུན་ཨུད་ཚོགས་འདུ་ཐེངས་བདུན་པའི་ཐོག་རག་སྡིས་ཡིས་སྒྲོག་སྦྱངས་བྱས་པའི་ཡིག་ཆ་ཞིག་གི་ནང༌། ཿཿཏཱ་ལའི་རུ་ཚོགས་ནི་བོད་ལ་བརྟན་ལྷིང་མི་ཡོང་བའི་
རྐྱེན་རྩ་དེ་ཡིན་པ་དང༌། ང་ཚོ་དང་ཏཱ་ལའི་རུ་ཚོགས་བར་གྱི་འཐབ་རྩོད་ནི་དགྲ་དང་རང་ཕྱོགས་ཀྱི་ངོ་བོ་ལྡན་པའི་འགལ་བ་ཞིག་ཡིན་པར་ངོས་འཛིན་བྱེད་རྒྱུ་དེའི་ཐོག་གཅིག་གྱུར་བྱེད་དགོས། ཿཿ ཞེས་བཀོད་ཡོད་པ་དང་ཡང་ཡིག་ཆ་དེའི་ནང་མུ་
མཐུད་བཀོད་དོན་ལ། ཿཿ ཡང་ཁོང་གིས་ ཿ གོང་ས་མཆོགཿ ཁ་མཁས་ཚིག་སྙན་གྱི་གཏམ་འདྲ་ཆགས་པོ་འགའ་ཤོད་ཀྱི་
ཡོད་ཀྱང་མེས་རྒྱལ་ཁ་ཕྲལ་གཏོང་བའི་སྤྱོད་ངན་སྤེལ་མཚམས་འཇོག་མྱོང་མེད་ལ་དུས་ད་ལྟའི་བར་བོད་རང་བཙན་གྱི་
ལངས་ཕྱོགས་འདོར་མྱོང་མེད་པས་ཁོ་བའི་མགོ་གཉིས་མའི་གདོང་རས་ངོ་མ་དེ་གསལ་རྗེན་དུ་འདོན་དགོས། རང་ལྗོངས་སུ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའིའཐབ་རྩོད་ཀྱི་གཙོ་གནད་ནི་ཏཱ་ལའི་རུ་ཚོགས་ལ་འཐབ་རྩོད་བྱེད་རྒྱུ་དེ་ཡིན། སྤྲུལ་གསོད་དུས་ངེས་པར་དུ་སྤྲུལ་མགོ་རྫོག་དགོས་པས་དེ་ལྟར་མ་བྱུང་ན་འཐབ་རྩོད་འདི་མཐའ་འཁྱོལ་པ་ཞིག་ཡོང་ཐབས་བྲལ་བ་རེད།ཿཿ ཞེས་བོད་ནང་དུ་དམ་དྲག་བྱེད་རྒྱུ་གསལ་བོར་བརྗོད་ནས་བོད་ཀྱི་དགོན་སྡེ་ཁག་ནས་འགོ་ཙུགས་ཏེ། ཿཿ རྒྱལ་གཅེས་ཆོས་
གཅེས་ཿཿཞེས་པའི་ལས་འགུལ་སྤེལ་ནས་ཆོས་ལུགས་བྱེད་སྒོ་ཁག་ལ་དམ་དྲག་དང༌། ༑ཆོག་གི་སྐུ་པར་སྒྲིག་བཤམས་བྱེད་མི་ཆོག་སོགས་ལས་འགུལ་རབ་དང་རིམ་པ་སྤེལ་ནས༌། བོད་མི་མངཔོ་ཞིག་བཙོན་འཇུག་བྱས་་པ་རེད། དོན་བོད་གནས་
ཁྱབ་སྤེལ་ཁང་གིས་འགྲེམས་སྤེལ་བྱས་པའི་ གྲ་བཞི་བཙོན་ཁང་ནང་གི་བཙུན་མ། རུ་ཁག་གསུམ་པ་ཞེས་པའི་དེབ་དེར་
གཞིགས་ན། ༡༩༩༤ དང༌། ༩༥ ༩༦་བཅས་ནི་རྒྱ་ནག་གཞུང་གིས་བོད་མི་བཛིན་བཟུང་བཙོན་འཇུག་བྱས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་གྲངས་འབོར་མང་ཤོས་ཀྱི་ལོ་གསུམ་ཡིན་པ་གསལ་སྟོན་བྱས་ཡོད།
༡༩༩༧ ལོའི་ཟླ་བ་དགུ་བའི་ནང་གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ རྡ་ཨན ཧྥན་སུ་ཐན་ བརྒྱུད་
རྒྱ་ནག་གི་སྲིད་འཛིན་ཅང་ཙེ་མིང་ལ་ཕྱག་ཡིག་ཞིག་གནང་ཡོད་པ་མ་ཟད། ཨ་རིའི་སྲིད་འཛིན་ཟུར་བ་འཇི་མེད་ ཁ་ཏར་
བརྒྱུད་ནས་རྒྱ་ནག་གི་འགོ་ཁྲིད་ཚོར་འབྲེལ་བ་བྱས་ཡོད་པ་དང༌། ༡༩༩༨ ལོའི་ཟླ་བ་དྲུག་པའི་༢༧་ཉིན་ཨ་རིའི་སྲིད་འཛིན་སྤེལ་ཁི་ལིན་ཏིང་རྒྱ་ནག་ལ་རྒྱལ་དོན་གཟིགས་བསྐོར་དུ་ཕེབས་ནས་རྒྱ་ནག་གི་སྲིད་འཛིན་ཅང་ཙེ་མིང་ལ་མཇལ་འཕྲད་
གནང་སྐབས། བོད་དེ་རྒྱ་ནག་གི་ཆ་ཤས་ཞིག་ཡིན་པར་ངོས་འཛིན་བྱས་ནས། བོད་རང་སྲིད་རང་སྐྱོང་གི་གནས་བབ་ཐོག་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང༌། རིག་གཞུང༌། སྐད་ཡིག་ལ་སོགས་སྲུང་སྐྱོབ་ཡོང་ཆེད་རྒྱ་ནག་གཞུང་གིས་
གོང་ས་ཏཱ་ལའི་བླ་མ་དང་མཉམ་དུ་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད། ཚེས་༢༨་ཉིན་ཅང་ཙེ་མིན་
གྱིས། ཿཿབོད་ནི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་ཏཱ་ལའི་བླ་མས་ཡོངས་ཁྱབ་གསལ་བསྒྲགས་བྱེད་དགོས་པ་མ་ཟད། ཐའེ་ཝན་རྒྱ་ནག་གི་ཁོངས་གཏོགས་ཞིང་ཆེན་ཞིག་ཡིན་པ་ངོས་འཛིན་བྱེད་དགོས།ཿཿ ཞེས་པའི་ཆ་རྐྱེན་བཏོན་ཡོད་པ་རེད།
སྐབས་དེར་གོང་ས་མཆོག་གིས་རྒྱ་བོད་བར་གྲོས་མོལ་ཡོང་བའི་རེ་བ་གནང་ནས་ལོ་དེར་ཐའེ་ཝན་ལ་ཕེབས་རྒྱུའི་དུས་ཆད་
བཟོས་ཡོད་པ་དེ་འང་ཕྱིར་འཐེན་བྱས། ཡིན་ནའང་རེ་བ་དེ་ལ་གྲུབ་འབྲས་གང་ཡང་བྱུང་མེད། གོང་ས་མཆོག་གིས་བོད་
རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན་པའི་འདས་པའི་ལོ་རྒྱུས་ལ་འགྱུར་བ་གཏོང་ཐུབ་ཀྱི་མ་རེད། ཡིན་ནའང་དེང་གི་གནས་
སྟངས་ལ་གཞིགས་ནས་བོད་རང་བཙན་བརྩོན་ལེན་བྱེད་ཀྱི་མེད་པར། བོད་ཀྱི་ཆོས་དང༌། རིག་གཞུང་སོགས་སྲུང་སྐྱོབ་ཡོང་ཆེད་ཁ་ཡོད་ལག་ཡོད་ཀྱི་རང་སྐྱོང་གི་གནས་བབས་ཞིག་བརྩོན་ལེན་བྱེད་ཀྱི་ཡོད། ཐའེ་ཝན་གྱི་གནད་དོན་དེ་ནི་རྒྱ་
ནག་གཞུང་དང་ཐའེ་ཝན་མི་མང་བར་ནས་གསལ་བོར་བཟོ་དགོས་པའི་གནད་དོན་ཞིག་ཡིན་ཞེས་གསུངས་ཡོད་པ་རེད། ༡༩༩༨ ལོའི་ཟླ་བ་བཅུ་གཅིག་པའི་ཚེས་ ༡༠ ཉིན་གོང་ས་མཆོག་ཨ་རིའི་སྲིད་འཛིན་སྤེལ་ཁི་ ལིན་ཏིང་ལ་མཇལ་འཕྲད་
གནང་སྐབས། ཁི་ལིན་ཏུང་གིས་བོད་མི་མང་གི་དཀའ་སྡུག་གི་གནས་བབ་ལ་ཐུགས་ཁྲལ་གནང་བ་དང༌། བོད་ཀྱི་དཀའ་
རྙོག་སེལ་ཐབས་སུ་ཞི་མོལ་ཡོང་རྒྱུར་འབད་བརྩོན་གནང་བར་ཐུགས་རྗེ་ཆེ་ཞུས་བ་དང་མཉམ་དུ། རྒྱ་ནག་གི་སྲིད་འཛིན་
གྱིས་བཏོན་པའི་ཆ་རྐྱེན་ལ་ལན་འདེབས་བྱེད་རྒྱུ་ཨང་གསར་ཡིན་སྐོར་གསུངས་ཡོད་པ་རེད།
རྒྱ་ནག་གཞུང་གིས་མཁས་དབང་དང་ཞིབ་འཇུག་པ་ཆབ་སྲིད་ལག་ཆར་བེད་སྤྱོད།
འཛམ་གླིང་འདིའི་སྒང་དུ་༧གོང་ས་ཏྭ་ལའི་བླ་མ་མཆོག་གི་མཛད་འཕྲིན་རྒྱས་པ་དང༌། བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་
དང༌། ཆོས། རིག་གཞུང་བཅས་ལ་དོ་སྣང་ཤུགས་ཆེན་བྱེད་བཞིན་ཡོད་པ་འདིས་རྒྱ་ནག་གཞུང་སེམས་ཁྲལ་བསྣོལ་མ་ཞིག་བཟོས་ཡོད་པ་གསལ་བོར་མཐོང་ཐུབ། རྒྱ་ནག་གཞུང་གིས་ཏྭ་ལའི་ལོག་སྤྱོད་པ་དང༌། ཆོས་གོས་གོན་པའི་ཆབ་སྲིད་པ་ཟེར་བ་སོགས་སྡུག་དམོད་བྱས་བསྡད་ན་་ཁོང་ཚོར་དགོས་ངེས་ཀྱི་གྲུབ་འབྲས་ཐོན་མི་ཐུབ་པ་གསལ་བོར་རྟོགས་པ་རེད།
༢༠༠༠ ལོའི་སྤྱི་ཟླ་དྲུག་པའི་ཚེས་༡༢་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བོད་རིག་པའི་ཞིག་འཇུག་དང་བོད་ཀྱི་ལས་དོན་ཕྱི་
ཕྱོགས་ལ་དྲིལ་བསྒྲགས། ཞེས་པའི་བགྲོ་གླེང་ཚོགས་འདུ་ཞིག་འཚོགས་ཡོད་པ་དེའི་སྟེང༌། རྒྱ་ནག་ཀྲུང་དབྱང་ཕྱི་ཕྱོགས་དྲིལ་བསྒྲགས་གཞུང་ལས་ཁང་དང༌། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གི་འགན་འཛིན་ཀྲའོ་ཆི་ཀྲན་གིས་གསུངས་བཤད་ཞིག་གནང་ཡོད་པ་རེད། གཏམ་བཤད་དེའི་ནང་དུ་དེང་སྐབས༧གོང་ས་ཏྭ་ལའི་བླ་མ་དང༌། བོད་དོན་ཐད་རྒྱལ་སྤྱིའི་སྒང་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། ཁོང་དང་བཙན་བྱོལ་བོད་གཞུང་གིས་སྤེལ་བའི་གནས་ཚུལ་
རྣམས་རྒྱལ་སྤྱིའི་སྟེང་ཚུལ་ལྡན་གནས་ཚུལ་ཡིན་པ་ངོས་འཛིན་བྱེད་གི་ཡོད་པ་ངོས་ལེན་བྱས་ཡོད་པརེད། མཁས་པ་དང་
ཞིབ་འཇུག་པ་རྣམས་ཆབ་སྲིད་ལས་ཆར་བེད་སྤྱོད་གཏོང་རྒྱུར་བགྲོ་གླེང་བྱས་ཡོད་པ་རེད། ནང་ཁུལ་གྱི་ཡིག་ཆ་དེའི་
བཀོད་དོན། ཿཿཚོགས་འདུའི་དམིགས་ཡུལ་ནི་མཉམ་གཅིག་ཏུ་རྣམ་པ་གསར་བའི་འོག་ཅི་འདྲ་བྱ་ན། སྔར་ལས་ལྷག་པའི་བོད་རིག་པའི་ཞིབ་འཇུག་གིས་ཕྱི་ཕྱོགས་ལ་བོད་ཀྱི་ལས་དོན་དྲིལ་བསྒྲགས་བྱེད་པའི་བྱ་བའི་ཁྲོད་ནུས་བ་འདོན་སྤེལ་བྱེད་
ཐུབ་པའི་གནད་དོན་་དཔྱད་བསྡུར་བྱེད་རྒྱུ་ཡིན། ཿཿ ཞེས་དང༌། ཡང་ཡིག་ཆ་དེའི་ནང༌། ཿཿ ནུབ་པྱོགས་མི་མང་གིས་རྟག་ཏུ་གཞུང་ཕྱོགས་ཀྱི་དྲིལ་བསྒྲགས་ལ་ཡིད་ཆེས་དེ་འདྲ་མི་བྱེད་པར་དམངས་ཁྲོད་ཀྱི་ཆེད་ལས་པ་དང་ཤེས་ལྡན་མི་སྣ། རིག་གཞུང་མཁས་པ་ཚོའི་གཏམ་ལ་ཅུང་ཟད་ཡིད་སྟོན་བྱེད་པ་རེད། འདིས་བོད་རིག་པའི་ཆེད་ལས་པ་དང་བོད་རིག་པའི་ཞིབ་
འཇུག་སྡེ་ཁག་གིས་ཕྱི་ཕྱོགས་ལ་བོད་ལྗོངས་དྲིལ་བསྒྲགས་བྱེད་པའི་ཐད་དཔེ་མི་སྲིད་པའི་ནུས་པ་འདོན་སྤེལ་བྱས་ཆོག་ཐག་
གཅོད་བྱས་ཡོད།ཿཿ ཞེས་བཀོད་པ་རེད། དེ་ནི་རྒྱ་གཞུང་གིས་བོད་ཀྱི་གནད་དོན་སེལ་རྒྱུར་གྲོས་མོལ་བྱེད་རྒྱུའི་རྣམ་པ་
གང་ཡང་མེད་པར། བོད་ཀྱི་གནད་དོན་འདི་རྒྱལ་སྤྱིའི་སྒང་དོ་སྣང་བྱེད་བཞིན་ཡོད་པ་ངོས་ལེན་བྱས་ནས་འཐབ་རྩོད་ངོ་བོ་ཁ་ཕྱོགས་གསར་བ་ཞིག་གཏན་འབེབས་བྱས་ཡོད་པ་མ་ཟད། ནང་ཁུལ་གྱི་ཡིག་ཆ་དེའི་ནང་བཀོད་དོནལ། ཿཿ ཏཱ་ལའི་ཚེ་
ཚད་རྫོགས་ལ་ཉེ་བ་དང་ནང་ཁུལ་གྱི་འགལ་བ་ཛ་དྲག་ཏུ་གྱུར་ཡོད། དུས་ཚོད་ཀྱི་སྟེང་ནས་ང་ཚོས་མཐུན་རྐྱེན་ལྡ་ཡོད། ཿཿ
ཞེས་བཀོད་ཡོད་པ་དེས་གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགོངས་པ་རྫོགས་རྒྱུར་རྒྱ་གཞུང་གི་རེ་སྒུག་བྱེད་བཞིག་ཡོད་པ་
གསལ་བོར་ཡིན། རྒྱ་ནག་གཞུང་གིས་བོད་རིག་པའི་ཞིབ་འཇུག་པ་རྣམས་ཆབ་སྲིད་ལག་ཆར་བེད་སྤྱོད་གཏོང་རྒྱུ་གཏན་
འབེབས་བྱས་པ་དང་དང་མཉམ་དུ་རྒྱ་ནག་དང༌། བོད་ནང་དུ་ཡོད་པའི་བོད་མཁས་པ་དང་ཞིབ་འཇུག་པ་རྣམས་ཕྱི་རྒྱལ་ཁག་ཏུ་ཕེབས་ནས་་རྒྱ་ནག་གཞུང་ཕྱོགས་ལྟ་བ་དྲིལ་བསྒྲགས་བྱེད་པའི་སྲིད་ཇུས་འདི་ལག་བསྟར་བྱེད་བཞིན་ཡོད་པ་རེད།
རྒྱལ་ལོ་དོན་གྲུབ་ཕེ་ཅིན་ཏུ་ཕེབས་པ།
གོང་ས་རྒྱལ་བ་རིན་པོ་ཆེ་ཡིས༢༠༠ ཟླ་བ་༡༢་ཚེས་༤་ཉིན་བོད་རྒྱལ་ཁབ་ཀྱི་རྒྱལ་སྲིད་ཆོས་སྲིད་ཐུགས་འགན་བཞེས་ནས་
མི་ལོ་ལྔ་བཅུ་འཁོར་བའི་བཀའ་དྲིན་རྗེས་དྲན་གྱི་དུས་ཆེན་སྲུང་བརྩི་དབུ་འཛུགས་སྐབས་གསར་འགོད་ལྷན་ཚོགས་ཤིག་
ཐོག བར་ལམ་ཞིག་ནས་རྒྱ་ནག་གི་འགོ་ཁྲིད་ཚོས་ཨུ་ཚུགས་རྒྱབ་པར་བརྟེན་རྒྱལ་ལོ་དོན་གྲུབ་འདི་ལོ་ཕྱི་ཟླ་བཅུ་བའི་ནང་པེ་ཅིང་དུ་བསྐྱོད་ཡོད་ལུགས་གསུངས་གནང་འདུག་ཀྱང་ནང་དོན་བཀའ་མོལ་གང་བྱུང་བ་དང་རྒྱ་མིའི་ཕྱོགས་ནས་བཀའ་
ལན་འབྱོར་བའི་ནང་དོན་གང་ཡིན་གསལ་བཤད་གནང་མི་འདུག་ཀྱང་རྒྱ་ནག་གི་འགོ་ཁྲིད་ཚོས་གང་བཤད་པའི་བཀའ་ལན་དུ་སྐུ་ཚབ་ཅིག་གཏོང་འདོད་ཡོད་ཚུལ་གསུངས་ཡོད་ལུགས་དང༌། དེར་ད་ལྟའི་འཆར་ལན་གསལ་གང་ཡང་འབྱོར་མེད་
སྐོར་གསར་འགོད་ལྷན་ཚོགས་སུ་གསལ་བཤད་གནང་འདུག ཚེས་༥་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་རྒྱ་ནག་ཕྱི་སྲིད་
ལྷན་ཁང་གི་མགྲིན་ཚབ་པ་ཀྲང་ཆི་ཡི་ཡིས། ཏ་ལའི་བླ་མའི་བོད་རང་བཙན་གྱི་ལས་འགུལ་སྤེལ་རྒྱུ་མཚམས་འཇོག་བྱས་ནས། བོད་ནི་རྒྱ་ནག་གི་ཆ་ཤས་ཞིག་ཡིན་པ་ཡོངས་ཁྱབ་གསལ་བསྒྲགས་བྱེད་དགོས་པ་དང༌། ཐའེ་ཝན་རྒྱ་ནག་གི་ཆ་
ཤས་ཡིན་པ་ངོས་འཛིན་བྱས་པའི་ཆ་རྐྱེན་འོག་གྲོལ་མོལ་བྱས་ན་འགྲིག་གི་རེད་ཞེས་གསུངས་ཡོད་པ་ལས། ༧གོང་ས་ཏ་ལའི་བླས་རྒྱལ་ལོ་དོན་གྲུབ་རྒྱ་ནག་ཕེབས་ལ་ཡོད་དང་ རྒྱ་ནག་གི་འགོ་ཁྲིད་ཚོས་ལན་ཞིག་བཏང་ཡོད་པ་དེའི་ལན་དུ་སྐུ་
ཚབ་ཞིག་རྒྱ་ནག་དུ་གཏོང་འདོད་ཡོད་ཞེས་གསུངས་པར་ལ་ལན་འདེབས་གང་ཡོད་བྱས་མེད་པ་རེད།
༢༠༠༡ ལོརཟླ་དྲུག་པའི་ཚེས ༢༥ ནས་ ༢༧ བར་རྒྱ་ནག་གཞུང་གི་ཆེས་མཐོའི་མགོ་ཁྲིད་རྣམས་ཚོགས་ཞུགས་ཀྱིས་བོད་
ལས་དོན་སྐོར་གྱི་གྲོས་མོལ་ཚོགས་འདུ་ཐེངས་བཞི་བ་པེ་ཅིན་དུ་འཚོགས་ནས་བོད་ཀྱི་ལས་དོན་གཙོ་བོ་ནི། བོད་ནང་དུ་
དཔལ་འབྱོར་འཛུགས་སྐྲུན་གོང་འཕེལ་གཏོང་རྒྱུ་དང༌། ཏཱ་ལའི་རུ་ཚོགས་ཀྱི་ཁ་བྲལ་བྱེད་སྒོར་ངོ་རྒོལ་བྱེད་རྒྱུ་ཡིན་པ་
གཙོས་བཟུང་བྱས་ཡོད་པ་ལས། བོད་ཀྱི་གནད་དོན་སེལ་ཆེད་གོང་ས་ཏཱ་ལའི་བླ་མ་དང་བཙན་བྱོལ་བོད་གཞུང་ལ་གྲོས་མོལ་བྱེད་རྒྱུའི་སྐོར་ཟུར་ཚམ་ཡང་གླེང་སློང་བྱས་མེད་པ་རེད།
༢༠༠༡ ལོའི་ཟླ་༨ ཚེས་ ༡༠ ཉིན་གྱི་ཉིག་ཡོག་དུས་བབ་ཞེས་པའི་གསར་ཤོག་ཐོག གསར་འགོད་པའི་རྒྱ་ནག་གི་སྲིད་འཛིན་ཅང་ཙེ་མིན་བཅར་འདྲི་ཞུས་པའི་ཆེད་རྩོམ་ཞིག་བཀོད་ཡོད་པ་དེའི་་ནང། རྒྱ་ནག་སྲིད་འཛིན་ཅང་གི་གསུངས་དོན། མི་རྣམས་ཀྱིས་རྒྱ་ནག་གཞུང་དང་ཏ་ལའི་བླ་མའི་བར་འབྲེལ་བ་ཆད་ཡོད་པ་རེད་བསམ་གི་ཡོད་་པ་རེད། དོན་དངོས་ཐོག་ཏ་ལའི་བླ་མར་ཐད་ཀར་འབྲེལ་བ་མེད་ཀྱང་བརྒྱུད་ལམ་འདྲ་མིན་བརྒྱུད་ད་ལྟའི་བར་འབྲེལ་བ་ཆད་མེད། ཡིན་ནའང་
ཕྱོགས་གཉིས་བར་མོས་མཐུན་གང་ཡང་བྱུང་མེད་ཞེས་དང༌། ཡང་ཁོང་གིས་མུ་མཐུད་དུ་གསུངས་དོན་ལ། ཏ་ལའི་བླ་
མར་་བོད་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ས་ཁུལ་ཞིག་ཡིན་པ་ངོས་ལེན་བྱེད་དགོས་པ་མ་ཟད ། ཐའེ་ཝན་ཡང་རྒྱ་ནག་གི་ཆ་ཤས་ཞིག་ཡིན་ངོས་འཛིན་བྱེད་དགོས་པའི་ཆ་རྐྱེན་བཏོན་ཡོད་ཀྱང། ཏ་ལའི་བླ་མས་ཆ་རྐྱེན་དེ་དག་ལ་ངོས་ལེན་
ཆ་ཚང་བྱས་མེད་པས་ཕྱོགས་གཉིས་བར་མོས་མཐུན་བྱུང་རྒྱུ་ཁག་པོ་རེད་ཞེས་གསུངས་ཡོད་པ་རེད། གོང་ས་ཏ་ལའི་བླས་ཡོངས་ཁྱབ་ཀྱིས་བོད་རང་བཙན་བརྩོན་ལེན་བྱེད་ཀྱི་མེད་པར་བོད་ཀྱི་ཆོས་དང༌། རིག་གཞུང་སོགས་སྲུང་སྐྱོབ་ཆེད་དངོས་
ཡོད་ཀྱི་རང་སྐྱོང་གནས་བབ་ཞིག་བརྩོན་ལེན་བྱེད་ཀྱི་ཡོད་ཞེས་ཐེངས་མང་གསུངས་ཡོད་ནའང་རྒྱ་ནག་གཞུང་ཕྱོགས་ནས་གོང་ས་རྒྱལ་བ་རིན་པོ་ཆེའམ། བཙན་བྱོལ་བོད་གཞུང་དང་མཉམ་དུ་གྲོས་མོལ་བྱེད་འདོད་ཀྱི་རྣམ་འགྱུར་གང་ཡང་མངོན་
གྱི་མེད་པ་རེད།
རྒྱ་ནག་གི་ཤེས་ཡོན་ཅན་ལ་འབྲེལ་ལམ།
༢༠༠༢ ལོའི་ཟླ་བ ༥ བའི་ཚེས ༢༢ གོང་ས་རྒྱལ་བ་རིན་པོ་ཆེར་ཨོ་སི་ཀྲར་རི་ལི་ཡའི་རླུང་འཕྲིན་ཁང་གིས་བཅར་འདྲ་བྱེད་སྐབས་གོང་ས་མཆོག་གིས། ང་ཚོ་དང་རྒྱ་ནག་གཞུང་བར་ཐད་ཀར་འབྲེལ་བ་མེད། ཡིན་ནའང་ཉེ་ཆར་ཚོང་བ་དང་ཤེས་ཡོན་ཅན་ཁག་ཅིག་ལ་འབྲེལ་བ་བྱས་ནས་ངའི་སྐུ་ཚབ་དང་མཉམ་དུ་རྒྱ་ནག་མ་ཡིན་པར་ས་གནས་འདྲ་མིན་ཏུ་ཐུག་འཕྲད་བྱེད་
བཞིན་ཡོད་ཞེས་གསུངས་ཡོད་པ་རེད། བྱ་དོར་བོད་ཀྱི་ལས་དབང་ ཞེས་དེབ་དེའི་རྩོམ་པ་པོ་ཝང་ལི་ཞུང་གྱིས་ཉེ་ཆར། ཏཱ་ལའི་བླ་མ་དང་མཉམ་དུ་གླེང་མོལ་བྱས་པ། ཞེས་པའི་དེབ་ཞིག་འབྲི་བརྩམས་བྱས་ཡོད་པ་དེའི་ནང་དུ༌། ༢༠༠༡ ལོར་གོང་ས་ཏཱ་ལའི་བླ་མ་ཨ་རིར་ཕེབས་སྐབས། ཨ་རིའི་རྒྱལ་ས་ཝ་ཤིན་ཏུང་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཁོང་གདན་འདྲེན་བྱསཔ་དང༌། ལས་འགུལ་ཁང་དེས་ཁོང་ཨ་རིར་ཕེབས་རྒྱུར་འགྲོ་གྲོན་བཏང་སྟེ། ཝ་ཤིན་ཏུང་
དང༌། ལོ་སན་ཅི་ལི་སུ་རུ་གོང་ས་མཆོག་ལ་ཐེངས་བཞི་མཇལ་འཕྲད་གནང་ནས་བོད་ཀྱི་གནད་དོན་ཐག་གཅོད་བྱེད་ཕྱོགས་སྐོར་ལབཀའ་མོལ་གནང་བའི་གནས་ཚུལ་ཞིབ་ཏུ་བཀོད་ཡོད་པ་རེད། དེ་བས་གོང་ས་མཆོག་གིས་རྒྱ་ནག་གི་ཤེས་ཡོན་
ཅན་ཁག་ཅིག་དང་འབྲེལ་བ་ཡོད་སྐོར་གསུངས་ཡོད་པའི་ནང་གི་གཅིག་དེ་ཝང་ལིཞུང་ཡིན་པར་གསལ་བོར་ཤེས་ཐུབ། ཝང་ལི་ཞུང་གིས་གོང་ས་ཏཱ་ལའི་བླ་མར་གདེང་འཇོག་ཆེན་པོ་བྱས་ཡོད་པ་མ་ཟད། གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱས་ཡོད། ཁོང་དེབ་དེའི་ནང༌། ཿཿ ཏཱ་ལའི་བླ་མས་བོད་དེ་རྒྱ་ནག་གི་མངའ་ཁོངས་ནས་ཆེས་མཐོའི་
རང་སྐྱོང་གི་གནས་བབས་ཞིག་དགོས་འདུན་འདོན་གྱི་ཡོད་ཞེས་ལན་མང་གསུངས་ཡོད་པ་དེ་ནི། ཁོང་རྒྱ་ནག་གི་མི་སེར་
བྱེད་རྒྱུར་ཁས་ལེན་བྱས་ཡོད་པ་དང༌། རྒྱ་ནག་གཞུང་གིས་བོད་དོན་ཐག་གཅོད་བྱས་པ་ཡིན་ན། ཆེས་རླབས་ཆེ་བའི་དབུ་ཁྲིད་འདི་རྒྱ་ནག་གི་དབུ་ཁྲིད་ངེས་རེད། ཿཿ ཞེས་བཀོད་ཡོད། རྒྱ་ནག་གི་རྩོམ་པ་པོ་ཝང་ལི་ཞུང་གྱི་ལྟ་བ་གཙོ་བོ་ནི་བོད་ཀྱི་གནད་དོན་དེ་རྒྱ་ནག་གི་གནད་དོན་གྱི་ཆ་ཤས་ཞིག་ཡིན་པ་གཞིར་བཞག་གི་སྟེང་ཇི་ལྟར་བྱས་ན། བོད་དེ་རྒྱ་ནག་མངའ་
ཁོངས་སུ་གནས་ཐུབ་རྒྱུར་ཞིབ་འཇུག་བྱས་ཡོད་པ་རེད། གང་ལྟར་གོང་ས་རྒྱལ་བ་རིན་པོ་ཆེས་གསུངས་བ་བཞིན་ཁོང་གི་
སྐུ་ཚབ་དང་འབྲེལ་ཡོད་མི་སྣ་ཁག་གིས་མུ་མཐུད་རྒྱ་ནག་ནང་ལོག་དང༌། ཕྱི་ལོག་གཉིས་སུ་ཡོད་པའི་རྒྱ་རིགས་ཤེས་ཡོན་ཅན་ཁག་གཅིག་ལ་འབྲེལ་བ་བྱེད་བཞིན་ཡོད་པ་རེད། སྤྱིར་རྒྱ་ནག་གི་ཤེས་ཡོན་ཅན་ཕལ་ཆེར་བས་བོད་དེ་རང་བཙན་
རྒྱལ་ཁབ་ཞིག་བྱེད་རྒྱུར་ངོས་ལེན་དང་རྒྱབ་སྐྱོར་བྱེད་ཀྱི་མེད་པར། བོད་དེ་དམིགས་བསལ་གྱི་གནས་བབས་ཞིག་གི་འོག་མུ་མཐུད་དུ་རྒྱ་ནག་གི་དབང་བསྒྱུར་འོག་གནས་དགོས་པའི་འདོད་ཚུལ་འཛིན་བཞིན་ཡོད་པ་རེད།
No comments yet.
Leave a comment
-
Recent
- ཁྱེད་ཀྱི་སྐྱེས་སྐར།
- བོད་རྒྱའི་གྲོས་མོལ་གྱི་ཁོར་ཡུག་ལ་བལྟ་བ།
- སྨྱོན་པ།
- རྡ་རམ་ས་ལ་དང་པེ་ཅིང་བར་གྱི་འབྲེལ་བ།
- གླེང་མོལ།
- གླེང་མོལ།
- གླེང་མོལ།
- བཀའ་བློན་ཁྲི་ཟུར་གཉིས་ཀྱི་གསར་འགོད་ལྷན་ཚོགས།
- ལོ་རྒྱུས་རང་བཞིན་ལྡན་པའི་བཙན་བྱོལ་བོད་མིའི་དམིགས་བསལ་ཚོགས་ཆེན།
- བྲེལ་ཟིང་ཆེ་བའི་རྡ་ས།
- མི་མང་དཀྱུས་མའི་བསམ་ཚུལ།
- ཚེས་༡༣་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཡོད་པའི་བོད་མིའི་གཞིས་སྒར་བསམ་ཡས་གླིང་དུ་འབྱོར།
-
Links
-
Archives
- April 2009 (6)
- March 2009 (1)
- November 2008 (7)
-
Categories
-
RSS
Entries RSS
Comments RSS