རང་དབང་གླེང་སྟེགས།

Just another WordPress.com weblog

བོད་རྒྱའི་གྲོས་མོལ་གྱི་ཁོར་ཡུག་ལ་བལྟ་བ།

བོད་རྒྱའི་གྲོས་མོལ་གྱི་ཁོར་ཡུག་ལ་བལྟ་བ།
དཔལ་ལྡན་རྒྱལ།

བོད་རྒྱའི་བར་གྱི་འབྲེལ་ལམ་དེ་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ལ་བསྐྱོད་བཞིན་ཡོད་པ་གོང་ས་མཆོག་དང་བཙན་བྱོལ་བོད་
གཞུང་མང་གཉིས་ཀྱིས་་ངོས་འཛིན་བྱེད་བཞིན་ཡོད་པ་དང་མཉམ་དུ་དོགས་སྣང་ཞིག་ཀྱང་སྐྱེས་བཞིན་ཡོད་པ་རེད།ད་
ཐེངས་གོང་ས་མཆོག་འདེ་ལོའི་ ༢༠༠༣ ཟླ་བ་ ༩ ཚེས་༤་ནས་ཚེས་༢༤་བར་ཉིན་གྲངས་༢༠་ཙམ་གྱི་རིང་ཨ་རིའི་ནང་དུ་
ཆིབས་བསྒྱུར་བསྐྱངས་ནས་ཨ་རིའི་སྲིད་འཛིན་དང༌། ཕྱི་སྲིད་དྲུང་ཆེ། གྲོས་ཚོགས་གོང་འོག་གི་ཚོགས་གཙོ་སོགས་ལ་
མཇལ་འཕྲད་གནང་ནས་ཆོས་སྲིད་གཉིས་ཀྱི་མཛད་འཕྲིན་བསྐྱངས་ཡོད་ལ། གོང་ས་མཆོག་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལ་
མཇལ་འཕྲད་སྐབས། ང་ཚོའི་ཕྱོགས་ནས་བོད་རྒྱའི་བར་གྲོས་མོལ་ཡོང་པའི་ཁོར་ཡུག་ཞིག་བསྐྲུན་ཆེད་ད་ལྟའི་བར་དུ་འབད་བརྩོན་གྱིས་ལས་དོན་སྒྲུབ་ཡོད༌། ཡིན་ནའང་རྒྱ་ནག་ཕྱོགས་ནས་བོད་ནང་འགྱུར་བ་ཞིག་བཏང་ཡོད་པའི་རྣམ་པ་གང་ཡང་
མཐོང་རྒྱུ་མེད་པ་མ་ཟད། བོད་ཀྱི་ས་གནས་ཁག་གཅིག་གི་ནང་གནས་སྟངས་ཇེ་སྡུག་དུ་འགྲོ་བཞིན་ཡོད་པས་སེམས་འཚུབ་
འདུག་ཞེས་གསུངས་ཡོད། སྤྱིར་གནད་དོན་གང་འདྲ་ཞིག་ཐོག་ལ་གྲོས་མོལ་གྱི་སྟ་གོན་བྱེད་སྐབས་ཕྱོགས་གཉིས་ཀྱིས་ཡོངས་ཁྱབ་ཀྱིས་གྲོས་མོལ་བྱེད་འདོད་ཡོད་པའི་རྣམ་འགྱུར་སྟོན་རྒྱུ་ནི་རྩ་བའི་ཆ་རྐྱེན་ཞིག་ཡིན་ནའང༌། ཉེ་ཆར་རྒྱ་ནག་
ཕྱོགས་ནས་ཏ་ལའི་བླ་མ་དང་འབྲེལ་བ་བྱེད་བཞིན་ཡོད་ཟེར་བ་ཙམ་ལས། བོད་དེ་སྔོན་མ་ནས་རྒྱ་ནག་གི་ཁོངས་གཏོགས་
ཡིན་པ་དང༌། ཐའེ་ཝན་ཡང་རྒྱ་ནག་གི་ཞིང་ཆེན་ཞིག་ཡིན་པ་ངོས་འཛིན་བྱེད་རྒྱུ། དེ་བཞིན་བོད་རང་བཙན་གྱི་ལས་འགུལ་སྤེལ་མཚམས་འཇོག་དགོས་ཞེས་པའི་ཆ་རྐྱེན་རྙིང་བ་རྣམས་བསྐྱར་བཟློས་བྱས་ཡོད༌། ཆ་རྐྱེན་འདི་དག་ནི་བོད་ཀྱི་གནད་
དོན་སྐོར་ལ་རྒྱ་ནག་ཕྱོགས་ནས་གྲོས་མོལ་བྱེད་འདོད་ཡོད་པའི་རྣམ་འགྱུར་བསྟན་པ་ཞིག་ལ་བརྩིས་ན་མི་འགྲིག། གང་ལ་
ཟེར་ན་གོང་ས་མཆོག་གིས་བོད་དེ་ལོ་རྒྱུས་སྟེང་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་ལེན་བྱེད་མི་སྲིད་པ་རྒྱ་ནག་གཞུང་གིས་ཤེས་བཞིན་ཆ་རྐྱེན་དུ་འཇོག་གི་ཡོད་པ་དང༌། དེ་བཞིན་ཐའེ་ཝན་རྒྱ་ནག་གི་ཆ་ཤས་ཤིག་ཡིན་མིན་གོང་ས་མཆོག་ལ་འབྲེལ་བ་
གང་ཡང་མེད་པ་ཤེས་བཞིན་དུ་ཁོང་ཚོའི་ཁེ་ཕན་གྱི་ཆེད་ཨུ་ཚུགས་ཀྱིས་ཆ་རྐྱེན་དུ་འདོན་བཞིན་ཀྱི་ཡོད་པ་དེ་རེད།
བོད་རྒྱའི་བར་གྲོས་མོལ་བྱེད་རྒྱུར་ཕྱོགས་གཉིས་ཀྱིས་ཁོར་ཡུག་བཟང་པོ་བསྐྲུན་རྒྱུ་གལ་ཆེན་པོ་ཡིན་ནའང༌། རྒྱ་ནག་ཕྱོགས་ནས་ཁོར་ཡུག་བཟང་པོ་ཞིག་བསྐྲུན་འདོད་ཡོད་པའི་རྣམ་འགྱུར་གང་ཡང་མཐོང་མི་ཐུབ། དཔེར་ན་སྐུ་ཚབ་ཚོགས་པ་རྒྱ་
ནག་ལ་ཕེབས་སྐབས་རྒྱ་ནག་གི་འགོ་ཁྲིད་ཚོར་རྒྱ་ནག་ཕྱོགས་ནས་ཀྱང་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཆེད་བོད་ནང་གི་
དགོན་སྡེ་ཁག་གི་ནང་ཡོངས་གྲགས་ཀྱིས་གོང་ས་མཆོག་གི་སྐུ་པར་སྒྲིག་བཤམས་བྱེད་དུ་འཇུག་དགོས་པའི་རེ་སྐུལ་ཞུས་
ཡོད་ནའང་རྒྱ་ནག་ཕྱོགས་ནས་ད་ལྟའི་བར་དེ་ལ་བཟང་ཕྱོགས་ཀྱི་རྣམ་པ་གང་ཡང་བསྟན་མེད། བོད་ཀྱི་ཕྱོགས་ནས་རྒྱ་
ནག་གཞུང་གི་ཁར་ཉན་ནས་རྒྱ་ནག་གི་འགོ་ཁྲིད་ཚོ་ཕྱི་རྒྱལ་ཁག་ལ་ཕེབས་སྐབས་ངོ་རྒོལ་མི་བྱེད་པ་སོགས་ཁོར་ཡུག་བཟང་པོ་ཞིག་བསྐྲུན་བཞིན་པའི་སྐབས་འདིར། རྒྱ་ནག་ཕྱོགས་ནས་བཟང་ཕྱོགས་ཀྱི་རྣམ་འགྱུར་གང་ཡང་མ་བསྟན་པ་དེས་བོད་མི་རྣམས་ཀྱི་སེམས་སུ་རྒྱ་ནག་གཞུང་གིས་བོད་དོན་ཆེད་ལྷག་བསམ་རྣམ་དག་གི་གྲོལ་མོལ་བྱེད་འདོད་མེད་པའི་བློ་དོགས་
ཇེ་ཆེར་འགྲོ་བཞིན་ཡོད། ད་ཐེངས་ཀྱི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཐོག་ཏུ་ཡང་མི་མང་གིས་འོས་འདེམས་བྱས་པའི་སྤྱི་འཐུས་རྣམ་པས་གནད་དོན་འདིའི་ཐོག་བགྲོ་གླེང་ཤུགས་ཆེན་གནང་ཡོད་པ་རེད། རྒྱ་བོད་ཕྱོགས་གཉིས་ཀྱིས་རང་རང་སོ་
སོའི་ཁེ་ཕན་གྱི་ཆེད་དུ་བོད་དོན་ཆེད་གྲོས་མོལ་ཡོང་བའི་ཐབས་ཤེས་བྱེད་བཞིན་པ་ངོས་འཛིན་གསལ་བོར་བྱེད་རྒྱུ་གལ་
ཆེན་པོ་ཡིན་པར་སྙམ། དེ་མིན་ཕྱོགས་གཅིག་གི་ཁེ་ཕན་དེ་ཕྱོགས་གཞན་གྱི་གྱོང་རྒུད་སྟེང་བབས་ན༌། དེ་ནི་མགོ་བསྐོར་
འོག་ཚུད་པའི་བློ་ཕམ་པའི་གནས་སྟངས་ཞིག་ཡིན། རྒྱ་ནག་ཕྱོགས་ལ་ད་ལྟའི་བར་ཁེ་ཕན་ངེས་ཅན་ཞིག་ཐོབ་ཡོད་པ་ནི་
རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གཞུང་ལ་འཛིན་པའི་ལྟ་ཚུལ་ལ་འགྱུར་བ་ཅང་ཙམ་ཐེབས་ཡོད་པ་དང༌། དེ་བཞིན་རྒྱ་ནག་གི་འགོ་ཁྲིད་ཚོ་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཕེབས་སྐབས་བོད་མི་དང༌། བོད་དོན་རྒྱབ་སྐྱོར་རྣམས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་ནས་ཁོང་ཚོར་བསུན་སྣང་དང་ངོ་ཚ་བཟོ་བཞིན་པའི་ཞེད་སྣང་ཆུང་ཏུ་སོང་ཡོད་པ་རེད། དེ་བས་བོད་ཀྱི་ཕྱོགས་ནས་ཀྱང་གནས་ཚུལ་ཁྱོན་ཡོངས་ལ་ཞིབ་འཇུག་བྱས་ཏེ་གནས་ཚུལ་ཤེས་རྟོགས་ཡོད་པའི་ངང་ལས་དོན་སྒྲུབ་རྒྱུ་ལས། གོ་སྐབས་ཡོད་ཚད་ལ། ལགས། ལགས་སོ། གསུངས་ན་བྱེའུ་བསྐྱར་དུ་གཟེབ་ནང་དུ་མི་ཚུད་པའི་ངེས་པ་མེད།
གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་དབུ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་ན་
ནིང་ཟླ་བ་དགུ་བ་དང༌། ད་ལོའི་ཕྱི་ཟླ་བཞི་བའི་ནང་རྒྱ་ནག་ཏུ་ཕེབས་དོན་ནི་ཕན་ཚུན་རྒྱུས་ལོན་དང་གོང་ས་མཆོག་གི་
དགོངས་གཞི་རྒྱ་ནག་གི་འགོ་ཁྲིད་གསར་བ་ཚོར་གསལ་བཤད་ཆེད་དུ་ཡིན་ཚུལ་གསུངས་བཞིན་ཡོད༌། རྒྱ་ནག་གཞུང་གི་སྲིད་ཇུས་དང་ལམ་ལུགས༌། ཞིབ་འཇུག་སྡེ་ཚན་ཁག་གི་ལས་དོན་ལ་ཉམས་ཞིབ་བྱས་པ་ཡིན་ན། བོད་དོན་དང་འབྲེལ་ཡོད་རྒྱ་ནག་གི་འགོ་ཁྲིད་ཚོས་གོང་ས་མཆོག་གི་དགོངས་གཞི་དང་བོད་ཕྱི་ནང་གཉིས་ཀྱི་གནས་སྟངས་མ་ཤེས་པའི་དཀའ་ངལ་
ཆེན་པོ་གང་ཡང་མེད་པས། ཕྲན་གྱིས་བལྟས་ན་རྒྱ་ནག་གཞུང་གིས་བོད་དོན་ཆེད་གྲོས་མོལ་བྱེད་འདོད་ཡོད་མེད་གྱི་གནད་དོན་ཞིག་ཡིན་པ་ལས། གོང་ས་མཆོག་གི་དགོངས་གཞི་མ་ཤེས་པ་ཨེ་ཡིན་བསམ།
དེ་་བཞིན་རྒྱ་ཕྱོགས་ནས་བོད་དོན་ཆེད་གླེང་ཕྱོགས་གསར་བ་ཞིག་བཟོ་བཞིན་པ་ནི་བོད་རང་སྐྱོང་ལྗོངས་ཞེས་པའི་ཚིག་དེ་
གསལ་བོར་བསྐྱར་བཤད་ཡང་བཤད་བྱེད་བཞིན་ཡོད་པ་དེ་ལ་བལྟས་ན་རྒྱ་ནག་ཕྱོགས་ནས་ད་ལྟའི་བོད་རང་སྐྱོང་ལྗོངས་
ཟེར་བ་འདིའི་ཐད་ལ་གྲོས་མོལ་བྱེད་རྒྱུར་རེ་འདུན་འདོན་སྲིད་པའི་ལམ་སྣེ་ཞིག་མཐོང་ཐུབ༌། གལ་ཏེ་རྒྱ་གཞུང་གི་ད་
ལྟའི་བོད་རང་སྐྱོང་ལྗོངས་ཞེས་པ་འདི་གཞི་ལ་བཞག་ནས་གྲོས་མོལ་བྱེད་རྒྱུར་གྲོས་འགོ་འདོན་པ་ཡིན་ན། བོད་ཕྱོགས་ནས་ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་རང་སྐྱོང་གི་གནས་བབ་ཞིག་དགོས་འདུན་འདོན་བཞིན་པ་གཉིས་ལ་བར་ཁྱད་ཆེན་པོ་ཞིག་ཡོད། བར་ཁྱད་འདི་ལ་བརྟེན་ནས་ཕྱོགས་གཉིས་བར་གྲོས་མོལ་འགོ་འཛུགས་ཀྱི་རྒྱུན་ཐག་ཆད་མི་སྲིད་པའི་ངེས་པ་མེད། གང་ལྟར་བོད་ཀྱི་གནད་དོན་འདི་ཐག་གཅོད་བྱེད་པ་ལ་རྒྱ་ནག་དང་མཉམ་དུ་གྲོས་མོལ་གྱི་ལམ་ནས་ཐག་གཅོད་བྱེད་རྒྱུ་
དངོས་ཡོད་ཀྱི་གནས་ཚུལ་ཞིག་ཡིན་པས༌། གོང་ས་མཆོག་གི་སྐུ་ཚབ་རྣམས་རྒྱ་ནག་ལ་བསྐྱར་དུ་ཕེབས་འདོད་ཡོད་ཚུལ་རྒྱ་ནག་གཞུང་ལ་རེ་སྐུལ་བྱས་ཏེ། རྒྱ་ནག་གཞུང་གི་ལན་གང་འདྲ་ཞིག་གནང་རྒྱུར་སྒུག་བཞུགས་ཡོད་པ་དང༌། གལ་ཏེ་
རྒྱ་ནག་གཞུང་གིས་ཁོང་རྣམས་རྒྱ་ནག་ལ་ཕེབས་རྒྱུར་ངོས་ལེན་བྱས་པ་ཡིན་ན་གང་མགྱོགས་ཕེབས་རྒྱུའི་གྲྭ་སྒྲིག་ཨང་བསང་ཡིན་པ་རེད། དེ་བཞིན་གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཀྱང་སྨྲ་བརྗོད་དང༌། བསམ་ཚུལ་བརྗེ་རེས་ཀྱི་རང་དབང་ལྡན་
པའི་ངང་བོད་ནང་དུ་ཕེབས་འདོད་ཡོད་ཚུལ་ཐེངས་མང་གསུངས་མྱོང་ཡོད༌། རྒྱ་བོད་བར་གྱི་འབྲེལ་ལམ་ཇེ་ལེགས་སུ་སོང་
ནས་རྒྱ་ནག་གི་འགོ་ཁྲིད་ཚོས་བསམ་ཤེས་བྱས་པ་ཡིན་ན། བོད་ཀྱི་གནད་དོན་སེལ་རྒྱུར་ཞི་བའི་གྲོས་མོལ་འགོ་འཛུགས་མ་
གནང་སྔོན། གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ནང་ལ་ཆིབས་བསྒྱུར་གནང་ནས་དངོས་ཡོད་གནས་ཚུལ་གཟིགས་ཞིབ་གནང་རྒྱུའི་གོ་སྐབས་ཤིག་ཤར་མི་སྲིད་པ་མིན། བོད་ནང་གི་བོད་མི་ས་ཡ་མང་པོས་གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་
མཇལ་ཁ་ཞུ་རྒྱུར་སྐོམ་པས་ཆུ་འདོད་པ་ལྟར་ཉིན་མཚན་མེད་པར་རེ་སྒུག་བྱེད་བཞིན་ཡོད་པ་མ་ཟད། བོད་མི་མང་པོ་ཞིག་གིས་མི་ཚེའིདམིགས་ཡུལ་གཙོ་བོ་ཡང་དེར་ཆགས་ཡོད་པ་རེད། ཡིན་ནའང་བོད་ཀྱི་གནད་དོན་དེ་གོང་ས་རྒྱལ་བ་རིན་པོ་
ཆེ་མཆོག་བོད་ནང་དུ་ཕེབས་ཐུབ་མིན་དེ་མིན་ལ༌། རྒྱ་ནག་གཞུང་གི་བརྗོད་བཞིན་པ་ལྟར་བོད་ཀྱི་གནད་དོན་ནི་གོང་ས་
མཆོག་སྐུ་སྒེར་གྱི་གནད་དོན་ཞིག་དེ་བས་ཀྱང་མིན་པ་བོད་མི་ཡོངས་ཀྱི་ངོས་འཛིན་བྱེད་རྒྱུ་གལ་ཆེན་པོ་ཡིན་ལ༌། གོང་ས་མཆོག་གིས་ཀྱང་འདིའི་ཐད་ལ་བཀའ་སློབ་མང་པོ་གནང་ཡོད། རྒྱ་ནག་གཞུང་ཕྱོགས་ནས་བོད་ཀྱི་གནད་དོན་དེ་གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་ཞིག་མིན་པ་ཤེས་བཞིན་དུ༌། ཆེས་མཐོའི་དཔོན་རིགས་བར་ཡིག་འབྲེལ་བྱེད་ཕྱོགས་དང༌། ཕྱི་ཕྱོགས་ལ་སྐད་ཆ་བཤད་སྟངས་སོགས་ཀྱིས་་བོད་ཀྱི་གནད་དོན་འདི་གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་ལྟ་བུར་བཟོ་བཞིན་ཡོད་པས་དེང་སྐབས་ཡིག་ཐོག་ལ་བཀོད་བཞིན་ཡོད་པ་རྣམས་མ་འོངས་པའི་ལོ་རྒྱུས་ཡིན་པ་ངོས་འཛིན་ཀྱིས་ང་ཚོའི་ཕྱོགས་ནས་ཡིད་གཟབ་བྱེད་དགོས།
བོད་ཀྱི་དུས་བབ། ༢༠༠༣ཟླ་བ་༩་བའི་༣༠ཉིན་གྱི་གསར་ཤོག་སྟེང་བཀོད་ཡོད།

April 20, 2009 - Posted by rangwanglengtek | Uncategorized | | No Comments Yet

No comments yet.

Leave a comment